The way to actualise the result
གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། དེ་ལྟ་བུའི་ཟུང་འཇུག་པ་དེ་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱིའི་རྐྱེན་ལས་རྒྱ་དང་སྙོམས་པར་འཇུག་པ་དང་། ནང་གི་རྐྱེན་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་།
ཐིམ་པའི་རྟགས་སྨིག་རྒྱུ་ནས་འོད་གསལ་གྱི་བར་ཀྱི་རྟགས་རྣམས་འཆར། འོད་གསལ་སྐད་ཅིག་དང་པོ་དེས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་ཅིང་།
སྐད་ཅིག་གཉིས་པར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པའི་ངང་ནས། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པ་དང་། སློབ་པའི་ཟུང་འཇུག་པའི་སྐུའི་རིགས་འདྲ་ཕྱི་མ་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་གྱུར་པ་དང་། གདུལ་བྱ་ལ་སྤྲུལ་སྐུ་བྱེ་བ་ཐེར་འབུམ་གཅིག་ཅར་སྟོན་པ་གསུམ་དུས་མཉམ་པའི་སྒོ་ནས་སྐུ་གསུམ་གྱི་ངོ་བོར་འཚང་རྒྱ་བ་ཡིན་ནོ། །
དེ་ཡང་རིམ་པ་ཕྱི་མ་ཕྱི་མ་འཐོབ་པ་ལ་སྔ་མ་སྔ་མ་སྔོན་དུ་འགྲོ་དགོས་པ་དང་། ལམ་གྱི་རིམ་པ་རྣམས་ཀྱི་ངོ་བོ། གྲངས་ངེས། གོ་རིམ་རྣམས་རྒྱས་པར་གཞན་ནས་འབྱུང་བ་ལྟར་ཤེས་དགོས་སོ། །དེ་ལྟར་གོང་དུ་བཤད་པའི་རྣལ་འབྱོར་བཞིའི་རིམ་པ་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་རྫོགས་རིམ་ལྟར་མདོར་བསྡུས་པའི་ཚུལ་དུ་བཀོད་པ་ཡིན་ལ། གཞན་ཐོག་མཐའ་བར་གསུམ་གྱི་ཟུར་བཤད་དང་། གཞུང་གཞན་ནས་འབྱུང་བའི་རྒྱས་བཤད་ཀྱིས་ཁ་བསྐངས་ན་གོ་བ་སྟེར་ཕུལ་ཆེ་ནའང་མང་དུ་དོགས་པ་དང་། གསང་བའི་གནས་འདི་དག་ཧ་ཅང་གསལ་ཆེ་ན་འཚུབ་ཆའང་འབྱུང་སྲིད་པས་མ་བཀོད་དོ།
Up a level: Cloud of Offerings Pleasing Manjushri - Completion Stage of Vajrabhairava Solitary Hero (Gyaltsen Sengge)