The actual generation of the resultant Vajradhara

བདག་གིས་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་སྐུ་འདི་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱེད་པར་མི་ནུས་པས་རགས་པའི་སྤྲུལ་སྐུ་བཟུངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་བཏང་ལ། རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བའི་ཐུགས་ཀར་ཨཱཿ དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་བདེ་བ་ཆེན་པོའི་རང་བཞིན་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་བཞི། རྡོ་རྗེ་རྣོན་པོ་ལ་སོགས་པའི་སེམས་
དཔའ་སོ་གཉིས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་བརྒྱད། སེམས་མ་རྡོ་རྗེ་མ་ལ་སོགས་པའི་སེམས་མ་བཞི་དང་། གཙོ་བོ་འཇམ་དཔལ་རྡོ་རྗེ་སྟེ་རྒྱུའི་ལྷ་ཞེ་དགུའམ་འཇམ་དཔལ་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཉི་མ་ལ་ཐིམ་པ་དང་དུས་མཉམ་དུ་འཇམ་དཔལ་ཡང་སྐུའི་སྟོད་སྨད་ནས་ཞུ་སྟེ་ཉི་མ་ལ་ཞུགས་པ་ལས་སྔར་གྱི་ཟླ་དཀྱིལ་གྱི་སྟེང་དུ་གདུག་པ་ཅན་ཐམས་ཅད་སྲེག་པར་བྱེད་པའི་འོད་ཟེར་དུས་མཐའི་མེ་ལྟ་བུ་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་སྔར་གྱི་ཟླ་གདན་དང་རྒྱ་ཁྱོན་མཉམ་པ་ཞིག་ཏུ་གྱུར་པར་བསྒོམ། དེ་ལ་ང་རྒྱལ་བཞག །དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ནག་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཧཱུཾ་གི་སྒྲ་དྲག་པོ་འབྲུག་ལྟར་སྒྲོགས་པ། དེ་ལས་འོད་ཟེར་འཕྲོས་པས་འབྲས་བུའི་ལྷ་ཞེ་དགུའམ། མདོར་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས་ཧཱུཾ་ལ་ཞུགས་པ་ལས། ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་སྟེང་འོག་གི་དབུས་རྭ་གཅིག་ཏུ་བརྩི་བའི་རྩེ་དགུ་པ་རྩེ་མོ་ཚངས་པའི་འཇིག་རྟེན་དུ་སླེབས་པ་འོད་ཟེར་ལྔ་དང་ལྡན་པ་ཕྱོགས་ཀྱི་རྭ་རྣམས་གདེངས་པ། དེའི་ལྟེ་བར་ཧཱུཾ་ཡིག་མཐིང་ནག་ཧཱུཾ་གིས་རང་སྒྲ་སྒྲོགས་བཞིན་པ་དེ་ལས་ཕྱོགས་ཀུན་ཏུ་རྡོ་རྗེ་ཤིན་ཏུ་ཕྲ་མོའི་གཟུགས་སྤྲོས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིགས་པའི་ཚོགས་རྣམས་སེམས་ཅན་གང་ལ་གང་འདུལ་གྱི་སྐུའི་རྣམ་པ་དང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་སོགས་དང་ཕྱག་མཚན་ལ་སོགས་པའི་རྣམ་པར་སྤྲོས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། དེ་དག་ལས་འོད་ཟེར་འཕྲོས་པ་སེམས་ཅན་ཐམས་ཅད་ལ་རེག་པ་ཙམ་གྱིས་སྡིག་སྒྲིབ་སྦྱངས་རྒྱུད་སྨིན་པར་བྱས་ཏེ་སྐད་ཅིག་ལ་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད་དེ་སྤྲོས་པའི་ལྷ་ལ་སོགས་པ་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཇིགས་བྱེད་དུ་གྱུར་པ་ཐམས་ཅད་ལྷན་ཅིག་ཏུ་འདུས་ཏེ་རྡོ་རྗེ་ལ་ཐིམ།


How to meditate on taking birth into the path as the Nirmanakaya སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་སྒོམ་ཚུལ།

ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཁམས་གསུམ་ཟ་བར་ནུས་པའི་རང་བཞིན་ཅན། ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ། གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར་པར་བསམ་ལ། རང་ཉིད་འབྲས་དུས་ཀྱི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དངོས་ཡིན་སྙམ་པའི་ང་རྒྱལ་ཤུགས་ཅན་བསྒོམ། དེ་ལྟར་བསྒོམས་པས་གཞི་དུས་སུ་བར་དོ་བ་དེ་བར་དོའི་རྟེན་ཙམ་ཁོ་ན་ལ་གནས་མི་ནུས་པར་རགས་པའི་ལུས་འཛིན་ཅིང་དེ་ཡང་རྒྱུ་མངལ་སྐྱེས་ཁམས་དྲུག་ལྡན་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཞིང་ཁྱད་པར་ཅན་ལ་མཆོད་པ་སོགས་ཀྱི་བསོད་ནམས་ཀྱི་མཐུས། གནས་འབྱུང་བའི་དཀྱིལ་འཁོར་གྱི་སྟེང་དུ་འཛམ་བུ་གླིང་དུ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཉིང་མཚམས་སྦྱར་ནས་སྐྱེ་བ་ལེན་པ་དེ་དང་མཐུན་པར་ལམ་དུས་སུ་མ་དག་པའི་སྒྱུ་ལུས་པ་དེ་སྔར་གྱི་ཕུང་པོ་རྙིང་པ་ལ་ངེས་པར་ཞུགས་དགོས་ཤིང་། རགས་པའི་ལུས་སྔ་མ་ལ་ཞུགས་པའི་སྤྲུལ་སྐུ་མ་བཟུང་བར་གནས་མི་ནུས་ལ། དག་པའི་སྒྱུ་ལུས་དེ་ཕུང་པོ་རྙིང་པ་ལ་ཞུགས་དགོས་པའི་ངེས་པ་མེད་ཀྱང་རགས་པའི་སྤྲུལ་སྐུ་གང་ཡང་རུང་བ་གཅིག་བཟུངས་ནས་སེམས་ཅན་གྱི་དོན་མཛད་དགོས་ཤིང་། འབྲས་དུས་
སུ་ལོངས་སྤྱོད་རྫོགས་པའི་སྐུ་དེས་ས་མ་ཐོབ་པ་མན་ཆད་ཀྱི་འགྲོ་བའི་དོན་བྱེད་པ་ལ་ངེས་པར་རགས་པའི་སྤྲུལ་སྐུ་ཞིག་བསྟན་དགོས་པ་བཞིན།
འདིར་ཡང་ལོངས་སྐུ་རྒྱུ་རྡོ་རྗེ་འཛིན་པ་འབྲས་བུ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་སྐུར་བཞེངས་པར་མོས་ལ། གཞིའི་སྐྱེ་བ་དེ་སྤྱོད་ལམ་གྱི་སྤྲུལ་སྐུ་འགྲུབ་པའི་སྨིན་བྱེད་དུ་འགྱུར། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པས་ན་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱའོ། །

མཚོན་དོན་ནི་སྔར་བསྒོམས་པའི་ཟླ་བའི་རིགས་འདྲའི་རྒྱུན་ནི། ཕ་ལས་ཐོབ་པའི་ཁམས་དཀར་པོ་དང་ཆོས་མཐུན། འཇམ་དཔལ་གྱི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་གྱི་རྒྱུན་ནི། མ་ལས་ཐོབ་པའི་ཁམས་དམར་པོ་དང་ཆོས་མཐུན། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ནི་ཕ་མའི་ཁུ་ཁྲག་གི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་པ་དང་ཆོས་མཐུན། འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་ནི་ཕ་མའི་ཁུ་ཁྲག་རྣམ་ཤེས་དང་བཅས་པ་འདྲེས་པ་དང་ཆོས་མཐུན། ཧཱུཾ་ཡིག་ནི་མངལ་གྱི་གནས་སྐབས་ན་ངག་སྨྲ་བ་དངོས་སུ་མེད་ཀྱང་ངག་སྨྲ་བའི་ནུས་པ་བྱེད་པ་ལྕེ་རྐན་སོགས་འགྲུབ་པ་དང་ཆོས་མཐུན། རྡོ་རྗེ་ནི་མངལ་གྱི་གནས་སྐབས་ཀྱི་ཡིད་དང་ཆོས་མཐུན། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པ་ནས་རྡོ་རྗེ་ལ་ཐིམ་པའི་བར་ནི། མངལ་དུ་སངས་རྒྱས་ཀྱི་སྒྲས་བསྟན་པའི་ཕུང་པོ་དང་། བྱང་ཆུབ་སེམས་དཔའ་དང་སེམས་མའི་སྒྲས་བསྟན་པའི་དབང་པོ་དང་སྐྱེ་མཆེད་དང་། ཁྲོ་བོའི་སྒྲས་བསྟན་པའི་ཡན་ལག་སོགས་འཕེལ་བ་དང་ཆོས་མཐུན། ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རྫོགས་པར་གྱུར་པ་ནི་མངལ་དུ་ལུས་རྫོགས་ནས་བཙས་པ་དང་ཆོས་མཐུན་པ་ཡིན་ནོ། །

ཁ་སྦྱོར་གྱི་རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །གཟུགས་བརྙན་རྫོགས་པར་དག་པའོ། །མཁས་པས་ཆོ་ག་གསུངས་པ་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར།

སྐབས་འདིར་མངོན་བྱང་ལྔ་བསྐྱེད་ཚུལ་ནི། སྔར་གྱི་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ཟླ་བ་ལས་བྱང་ཆུབ་པ་དང་། མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ། ཉི་མའི་དཀྱིལ་འཁོར་བསྒོམ་པ་ཉི་མ་ལས་བྱང་ཆུབ་པ་དང་། མཉམ་ཉིད་ཡེ་ཤེས་ལས་བྱང་ཆུབ་པ། རྡོ་རྗེ་ཧཱུཾ་གིས་མཚན་པ་བསྒོམས་པ་ནི། ཕྱག་མཚན་ལས་བྱང་ཆུབ་པ་དང་། སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པ། དེ་ལས་འོད་ཟེར་ལ་སོགས་པ་འཕྲོས་པས་སེམས་ཅན་ཐམས་ཅད་ལྷར་བྱས་པ་དང་། ལྷན་ཅིག་ཚུར་འདུས་ནས་ཟླ་བ་ཉི་མ་རྡོ་རྗེ་ས་བོན་དང་བཅས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ནི། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ། ཟླ་ཉི་རྡོ ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྒོམ་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་དང་། ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ་ཞེས་སློ བ་དཔོན་མི་བསྐྱོད་པའི་མན་ངག་ཡིན་པར་གསུངས་སོ། །

རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་དེ་རིམ་གྱིས་གསལ་འདེབས་པ་ནི། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི། ཞབས་བཅུ་དྲུག་པ། རྩ་ཞལ་རིལ་པོ་མ་ཧེ་དྲག་ཏུ་ཁྲོས་པའི་གདོང་པ་ཅན། རྭ་གཉིས་ནམ་མཁའི་དབྱིངས་སུ་གདེངས་པ་རྩེ་རྣོ་ངར་དང་ལྡན་པ་ལས་ཚངས་པའི་འཇིག་རྟེན་དུ་བསྙེགས་པ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་སྤྱན་རྩ་ཁྲག་རློན་གྱིས་བྱུགས་པ་ལྟ་བུ། ཤངས་ཀྱི་སྟེང་དུ་ཁྲོ་གཉེར་དང་ལྡན་ཞིང་ཤངས་བུག་གཉིས་ཟངས་དུང་མེར་བསྲེགས་པ་ལྟར་དམར་ཧུར་རེ་བ། བསྐལ་པ་འཇིགས་པའི་དུས་ལྟར་དབུགས་ཀྱི་རླུང་ནག་དྲག་ཏུ་འཚུབ་པ། ཞལ་གནམ་ས་ལྟར་གདངས་ཤིང་། གངས་རི་ལྟ་བུའི་མཆེ་བ་རྣོན་པོ་བཞི་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་འབར་བ། རྭའི་རྩ་བའི་གཡས་ཞལ་དབུས་མ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དབུས་མ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ། རྩ་ཞལ་གྱི་སྟེང་དུ་སྲིན་ཞལ་དམར་པོ། གཡས་གཡོན་གྱི་ཞལ་རྣམས་དང་སྲིན་ཞལ་བདུན་ཁྲོ་ཞལ་འཇིགས་སུ་རུང་བའི་རྣམ་པ་ཅན། སྲིན་ཞལ་གྱི་སྟེང་དུ་འཇམ་དཔལ་ཞི་བའི་ཞལ་ཡིད་ཙམ་ཁྲོས་པའི་རྣམ་པ་ཅན། རལ་པ་ཟུར་ཕུད་ལྔ་ལྡན་གྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་སྤྱན་གསུམ་དང་ལྡན་པ། འཇམ་དཔལ་གྱི་ཞལ་མ་གཏོགས་པའི་ཞལ་གཞན་མ་ཐམས་ཅད་དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས་པ། གྲུབ་ཆེན་ནག་པོ་པས། ཧ་ཧ་སྡིག་པའི་གད་མོ་དང་། །ཧེ་ཧེ་རབ་ཏུ་དགྱེས་པ་སྟེ། །ཧི་ཧི་བདེ་བར་སྒེག་པ་ཉིད། །ཧོ་ཧོ་ཟིལ་གྱིས་གནོན་པའོ། །ཞེས་གསུངས་པ་ལྟར་གྱི་རྩ་ཞལ་ནས། སྡིགས་པའི་གད་མོ་ཧ་ཧ། དགྱེས་པའི་གད་མོ་ཧེ་ཧེ། སྒེག་པའི་གད་མོ་ཧི་ཧི། ཟིལ་གྱིས་གནོན་པའི་གད་མོ་ཧོ་ཧོ་སྟེ་དཔའ་བོའི་གད་མོ་བརྒྱད་སྒྲོགས་པ། སྲིན་ཞལ་ནས་ཕ້་ཀ་ར་སྟེ། ཕ້་མཁའ་འགྲོ་འབོད་པ། ཀ་ར་བྱེ ད་པ་སྟེ། མཁའ་འགྲོ་དབང་དུ་བྱེ ད་པའི་ཕ້་ཀ་རའི་སྒྲ་འབྲུག་ལྟར་སྒྲོག་ཅིང་། ཞལ་ནས་ཐམས་ཅད་མཁྱེན་པ་མཚོན་པའི་ཁྲག་གདུལ་བྱ་ལ་ཆོས་སྟོན་པ་མཚོན་པའི་ཕྱིར་འཛགས་པ། དྲག་པོའི་ཞལ་རྣམས་ཁྲག་ཞག་དང་རྐང་དང་ཚིལ་བུ་ཟ་བ་བསྒོམ། ཞལ་རྣམས་ཀྱི་བཞུགས་ཚུལ་རྟོག་བདུན་གྱི་དགོངས་པ་གྲུབ་ཆེན་ལཱ་ལི་ཏས་བཀྲལ་བ་ལྟར། རྗེ་བཙུན་ཙོང་ཁ་པ་ཆེན་པོས་བཞེད།
ཕྱག་གི་གྱེས་ཚུལ་གཡས་གཡོན་གྱི་སོག་པའི་ཀར་ཡོལ་ཆེན་པོ་ནས་གྱེས་ཤིང། མདུན་ཕྱག་དང་རྒྱབ་ཕྱག་གྱེས་པའི་སྟེང་གི་དབུས་ནས་ཕྱག་སོ་བཞིའི་དང་པོ་གཉིས་ཀྱིས་གླང་ཆེན་གྱི་པགས་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་སྐུའི་རྒྱབ་ཏུ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ། ཕྱག་ལྷག་མ་གཡས་ཀྱི་དང་པོས་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་གྲི་གུག་རྩེ་ཅུང་ཟད་གུག་པའི་རྣམ་པ་ཅན། བྷི་དྷི་པཱ་ལ་ནི་སྟེང་དུ་མདུང་ལྕགས་ཀྱི་སྦུབས་ལྟ་བུའི་ནང་དུ་རྨ་བྱའི་སྒྲོའི་ཆུན་པོ་ཅན་རྩེ་རྣོ་བའི་དབལ་དང་ལྡན་པ། གཏུན་ཤིང་ནི་མགོ་མཇུག་གཉིས་སྦོ མ་ཞིང་རྐེད་པ་ཅུང་ཟད་ཕྲ་བ་འཆང་བཟུང་གི་རྣམ་པ་ཅན། ཆུ་གྲི་ནི་རྩེ་མོ་རྣོ ་ཞིང་རྩེ་མོ་ནས་ཅུང་ཟད་འོང་བའི་དཔུང་མགོ་རྒྱས་པ་སྐེད་པ་ནས་མར་ཕྲ་བ་ཡུ་བའི་རྩ་བ་རྒྱས་པ། ཀ་ཎ་ཡ་ནི་མདུང་ལ་ཞགས་པ་བཏགས་པའི་ཞགས་མདུང་དུ་གྲགས་པ་དང་། དགྲ་སྟ་ནི་སྟ་གྲིའི་རྣམ་པ་རྣོ ་ཞིང་སྟེང་དུ་ལྕིད་ཀྱི་རྡོ ་རྗེ་དང་ཡུ་བའི་རྩེར་རྡོ་རྗེ་ཕྱེད་པས་མཚན་པ། མདུང་དང་མདའ་གཉིས་ཡོངས་གྲགས་ལྟར་དང་།
རྒྱབ་ཕྱག་བརྒྱད་ཀྱི་སྟེང་མའི་ལྕགས་ཀྱུ་རྩེ་ཅུང་ཟད་གུག་ཅིང་རྣོ་བ། དབྱུག་ཐོ་ནི་ཡོངས་གྲགས་ལྟར། ཁ་ཊྭཱཾ་ག་ནི་སྐམ་རློན་རྙིད་པའི་ཐོད་པ་སུམ་བརྩེགས་ཀྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཚང་མ་གྱེན་འགྲེང་གིས་མཚན་པ། མི་མགོ་གསུམ་གྱི་འོག་ཏུ་སྣ་ཚོགས་རྡོ་རྗེའི་རྒྱ་གྲམ། དེའི་འོག་ཏུ་བུམ་པ། ཡུ་བ་དཀར་པོ། འཁོར་ལོ་ནི་གཅོད་པར་བྱེད་པའི་མཚོན་ཆའི་འཁོར་ལོ་སྟེ་མུ་ཁྱུད་མེད་པ། རྡོ་རྗེ་རྩེ་ལྔ་ཡོངས་གྲགས་ལྟར་དང་། ཐོ་བ་ནི་ཡོངས་གྲགས་ལྟར་སྟེང་དུ་ལྕིད་ཀྱི་རྡོ་རྗེ་དང་ཡུ་བའི་རྩེར་རྡོ་རྗེ་ཕྱེད་པས་མཚན་པ།རལ་གྲི་དང་ཅང་ཏེའུ་ཡོངས་གྲགས་ལྟར་རོ། །

ཕྱག་གཡོན་གྱི་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། ཚངས་པའི་མགོ་བོ་ནི་གདོང་བཞི་པའི་སྐྲ་ནས་ཕྱག་གིས་འཛིན་པ། ཕུབ་ཡོངས་གྲགས་ལྟར། རྐང་པ་ནི་མིའི་རྐང་པ། ཞགས་པ་ནི་སྣེ་གཉིས་སུ་འཛིན་བྱེད་དང་འཆིང་བྱེད་ཀྱི་ལྕགས་ཀྱུ་དང་ཨ་ལོང་ཅན་སྲིན་དར་ནག་པོ་མང་པོ་ཆིངས་སུ་སླས་པ་ལྟ་བུ། གཞུ་དང་རྒྱུ་མ་དྲིལ་བུ་རྣམས་ཡོངས་གྲགས་ལྟར་དང་། རྒྱབ་ཕྱག་བརྒྱད་ཀྱི་སྟེང་མས་མིའི་ལག་པ་འཛིན་པ། དུར་ཁྲོད་ཀྱི་རས་གོ་སླ་ཞིང་། སྐྱེས་བུ་གསལ་ཤིང་ལ་བཙུགས་པ་ནི་གསལ་ཤིང་གི་རྩེ་སྐྱེས་བུའི་འཕོངས་ནས་བཙུགས་ཏེ་སྤྱི་བོར་བརྡོལ་ཞིང་བསྐྱོན་པ། མེ་ཐབ་ལྕགས་ཀྱི་མེ་ཐབ་ཟུར་གསུམ་པ་མེ་སྒོ་ཡོད་པ། ཐོད་ཚལ་ནི་ཐོད་པའི་ཚལ་བུ་སྐྲ་དང་བཅས་པ། འདི་ནི་ཀ་པཱ་ལ་རྫོགས་པར་ཡིན་པར་ཡང་བཤད། སྡིགས་མཛུབ་ནི། མིའི་ལག་པ་སྡིགས་མཛུབ་བྱས་པ་འཁྲིག་མ་ནས་བཅད་པའོ། །སྡིག་མཛུབ་ནི་སྡིག་པ་ཞི་བར་བྱེད་པའི་ཕྱག་རྒྱ་སྟེ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་ཀེར་བ་བྱང་ཆུབ་མཆོག་གི་ཕྱག་རྒྱའམ། སྡིགས་མཛུབ་ནི་གདུག་པ་ཅན་རྣམས་ལ་སྡིགས་པར་བྱེ ད་པའི་ཕྱག་རྒྱ་སྟེ། གུང་མོ་དང་སྲིན་མཛུབ་མཐེ་བོས་མནན་ཏེ་མཛུབ་མོ་དང་མཐེ་ཆུང་ཀེར་བའོ། །
དར་འཕན་ནི་ཡུ་བ་གསུམ་འཁྱོག་རྩེ་མོར་ཟླ་ཕྱེད་རྡོ་རྗེའི་ཏོག་དང་བཅས་པ་ལ་བཏགས་པའི་སྟོད་དར་ཡུག་གཅིག་གི་སྨད་ལྕེ་གསུམ་དུ་བྱས་པ། རླུང་རས་ནི་ཤིང་ལ་བཏགས་པའི་རས་ཁྲ་བོའི་དར་ཅོག་ལྟ་བུ། ཞབས་ཀྱི་བསྒྲིགས་ཚུལ་ནི། གཡས་གཡོན་གྱི་དཔྱིའི་འཁོར་མིག་ཆེན་པོ་གཉིས་ནས་གཡས་ཞབས་བརྒྱད་མདུན་ནས་རྒྱབ་ཏུ་བསྒྲིགས་ཤིང་། གཡོན་ཞབས་བརྒྱད་ཀྱང་མདུན་ནས་རྒྱབ་ཏུ་བསྒྲིགས་པ། གཡས་པ་བརྒྱད་མཉམ་པོར་གཤིབས་ནས་ཅུང་ཟད་བསྐུམ་པའི་རྟིང་པ་ནས་གཡོན་པ་བརྒྱད་མཉམ་པོར་གཤིབས་ནས་མཐོ་ལྔའི་བར་དུ་བརྐྱངས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ཁྲག་རློན་གྱིས་བྱུགས་པ་ལྟར་དམར་བ། སེན་མོ་རྣམས་ལྕགས་ཀྱུ་ལྟར་རྣོ་ཞིང་། ཕྱག་ཞབས་ཐམས་ཅད་རགས་ཤིང་སྦོ མ་ལ་ངར་དང་ལྡན་པ། ཞབས་འོག་གི་སྲོག་ཆགས་གཞན་རྣམས་གོ་སླ་ཞིང་། བྱ་ཆེན་པོ་ནི་འོལ་བའམ་ནེ་ལེར་གྲགས་པ། ཁྱིམ་བྱ་ནི་ལུས་ནག་ཅིང་ཤའི་སྐེ་འཁོར་ཅན་མི་སྐད་སྨྲ་ཤེས་པ། བཞད་ནི་སྤུ་མདོག་དཀར་ཞིང་མཆུ་ལེབ་ལ་ལུག་གི་བོངས་ཚད་ཙམ་མགུལ་ཁྲ་བོ། གཡས་ཀྱི་སྲོག་ཆགས་རྣམས་མདུན་ནས་རྒྱབ་ཏུ་ཞབས་ཀྱི་མགོ་སྟོན་ཕྱོགས་དང་མཐུན་པར་མནན་ཅིང་། གཡོན་གྱི་སྲོག་ཆགས་རྣམས་མདུན་ནས་རྒྱབ་ཏུ་ཞབས་ཀྱི་མགོ་སྟོན་ཕྱོགས་དང་མཐུན་པར་མནན་པ། གཡས་ཀྱི་སྲོག་ཆགས་རྣམས་ཀྱི་འོག་ཏུ་ཚངས་པ་སེར་པོ་གདོང་བཞི་པ། དབང་པོ་དཀར་པོ། ཁྱབ་འཇུག་ནག་པོ། དབང་ཕྱུག་ནག་པོ་མགྲིན་པ་སྔོན་པོ། གཡོན་གྱི་སྲོག་ཆགས་རྣམས་ཀྱི་འོག་ཏུ་གདོང་དྲུག་དམར་པོ་གདོང་པ་དྲུག་པ། ལོག་འདྲེན་གླང་པོའི་གདོང་པ་ཅན་དཀར་པོ། ཟླ་བ་དཀར་པོ། ཉི་མ་དམར་པོ་རྣམས་སྟེང་གི་སྲོག་ཆགས་རྣམས་དང་མགོ་སྟོན་ཕྱོགས་མཐུན་པར་ཁ་སྦུབ་ཏུ་མནན་པ།རུས་རྒྱན་དང་ཐོད་པ་སྐམ་རློན་གྱི་རྒྱན་སོགས་སྔར་བཤད་པ་བཞིན་ཡིན་ཅིང་། སྦྲུལ་ནག་གི་མཆོད་ཕྱིར་ཐོགས་ནི། སྦྲུལ་ནག་གཉིས་ཕྲག་པ་གཡས་གཡོན་གྱི་སྟེང་ནས་མཆན་ཁུང་གཡས་གཡོན་གྱི་འོག་ཏུ་བརྟེན་པའི་ཐུགས་ཀ་དང་སྐུ་རྒྱབ་སྦྲེལ་བའོ། །སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་ཚ་ཞིང་རྩུབ་པ་དྲག་ཏུ་འབར་བའི་ཀློང་དཀྱིལ་ན་ཁམས་གསུམ་ཟ་བར་ནུས་པའི་རང་བཞིན་ཅན་དུ་བསྒོམས།
འདི་ལྟ་བུའི་ཡི་དམ་གྱི་ཞལ་ཕྱག་གི་མཛད་པ་རྣམས་རྗེ་རྒྱལ་བ་གཉིས་པའི་དགོངས་པ་ལྟར་བཀོད་པ་ཡིན་ལ། རང་ཅག་རི་བོ་དགེ་ལྡན་པ་རྣམས་ཀྱིས་མདོ་སྔགས་གང་གི་སྐབས་སུའང་ཡབ་རྗེ་རྒྱལ་བའི་དབང་པོ་བློ་བཟང་གྲགས་པའི་དཔལ་གྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་གཏན་ལ་ཕབ་པའི་ལེགས་བཤད་དག་གི་རྗེས་སུ་འབྲང་བར་རིགས་ཤིང་། འོན་ཀྱང་གངས་རིའི་ལྗོངས་འདིར་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་རྡོ་རྗེ་གྲགས་སོགས་ཀྱིས་རྟོག་བདུན་གྱི་དགོངས་པ་ལེན་ཚུལ་ཞལ་བརྩེགས་ཞལ་ཏེ་རྭ་གཡས་གཡོན་ལ་བརྟེན་པའི་གཅིག་ཐོག་ཏུ་གཅིག་བརྩེགས་པ་དང་། ཕྱག་འཁོར་ཕྱག་ཏུ་མཛད་ཅིང་། ཇི་ལྟར་མཛད་པ་ལྟར་བསྒོམས་པས་གྲུབ་པ་མཆོག་བརྙེས་པ་ཡིན་གཤིས་རང་ཅག་གི་ལུགས་འདི་དང་རྣམ་པ་ཅུང་ཟད་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་གྲུབ་པའི་དབང་ཕྱུག་གཞན་གྱི་ལུགས་དེ་དག་མི་འཐད་དོ་ཞེས་སྨྲ་བ་ནི་རྣམ་པ་ཐམས་ཅད་དུ་གཏན་མི་རུང་བར་ཤེས་པར་བྱའོ། །

དེ་ལྟ་བུའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པ་དེ་ཡང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་འཇིགས་བྱེད་དེ་ངའོ་སྙམ་པའི་ང་རྒྱལ་ཤུགས་ཅན་བསྒོམ།
དེ་ལྟར་རང་ཉིད་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་ཤེལ་དཀར་གྱི་མཎྜལ་ཁ་སྦུབ་པ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྒྱུ་རྡོ་རྗེ་འཛིན་པའི་སྐབས་ལྟར་བསྒོམས་པའི་ཐུགས་ཀར་མཎ་ཤེལ་གྱི་མཎྜལ་ཁ་སྦུབ་པ་ལྟ་བུའི་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་གྱེན་དུ་འགྲེང་བ་བསྒོམ་དགོས་ཤིང་། དེ་ཡང་དམ་ཚིག་སེམས་དཔའ་ཞེས་པའི་དམ་ཚིག་གི་སྐད་དོད་ས་མ་ཡ་ཡི་གེ་འཕྲི་བསྣན་བྱས་ན་འཕྲོ་བ་དང་འདུ་བ་ལ་འཇུག་པས་ཡེ་ཤེས་སེམས་དཔའ་འཕྲོ་ཞིང་འདུ་བའི་གཞི་ཡིན་པས་ན་དམ་ཚིག །སེམས་ཅན་གྱི་དོན་རྩེ་གཅིག་ཏུ་སེམས་པ་དང་། སེམས་ཅན་གྱི་ཐ་སྙད་ཆེན་པོའི་གནས་ཡིན་པས་ན་སེམས་དཔའ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཤིན་ཏུ་ཕྲ་བའི་ངོ་བོ་ཡིན་པས་ན་ཡེ་ཤེས། སེམས་དཔའི་དོན་སྔར་ལྟར། གང་ལ་རྩེ་གཅིག་ཏུ་དམིགས་ཏེ་བསྒོམས་པས་ཏིང་ངེ་འཛིན་མཆོག་ལྷན་ཅིག་སྐྱེས་པའི་འོད་གསལ་བསྐྱེད་པས་ན་ཏིང་ངེ་འཛིན། སེམས་དཔའི་དོན་སྔར་ལྟར།

འདི་དག་སྦྱང་གཞི་དང་སྦྱར་ན། དམ་ཚིག་སེམས་དཔའ་རགས་པ་གནས་སྐབས་པའི་ལུས་དང་། ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས་ལ་རླུང་སེམས་གཉིས་ཡོད་པས་རླུང་དང་། ཏིང་ངེ་འཛིན་སེམས་དཔའ་ནི་ཕྲ་བ་གཉུག་མའི་སེམས་དང་ཆོས་མཐུན་ལ། ཡང་ཏིང་ངེ་འཛིན་སེམས་དཔས་ཟུང་འཇུག་གི་ཡ་གྱལ་དོན་དམ་འོད་གསལ་གྱི་སེམས་དང་། ཡེ་ཤེས་སེམས་དཔས་ཟུང་འཇུག་གི་ཡ་གྱལ་ཀུན་རྫོབ་སྒྱུ་མའི་སྐུ་དང་། དམ་ཚིག་སེམས་དཔས་སྒྱུ་ལུས་ཀྱི་རགས་པའི་སྤྲུལ་སྐུ་བཟུང་བའི་ཟ་མ་ཏོག་ལྟ་བུའི་སྐུ་རགས་པ་དེ་མཚོན་པ་ཡིན་ནོ།

དེ་ལྟར་འབྲས་བུ་དང་སྦྱར་ན་སྔོན་དུ་སྟོང་ཉིད་སྒོམ་པ་ཆོས་སྐུ། རྒྱུ་རྡོ་རྗེ་འཛིན་པ་ལོངས་སྐུ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་སྤྲུལ་སྐུ། འོག་ཏུ་མཆོད་བསྟོད་བདུད་རྩི་མྱང་བ་བཟླས་པ་ཕྲ་མོ་བསྒོམ་པ་སོགས་ནི་འབྲས་བུའི་གནས་སྐབས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་ཆོས་མཐུན་ནོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero