Thanksgiving and requesting to depart
དེ་རྗེས་གཏང་རག་གི་མཆོད་པ་བྱིན་གྱིས་བརླབས། ཡི་དམ་བཀའ་སྡོད་དང་བཅས་པ་ལ་གོང་ལྟར་མཆོད་བསྟོད་བྱ། ༀ་ཡ་མཱནྟ་ཀ་ས་མ་ཡ་ཞེས་སོགས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་དང་། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང་། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་དང་། ལྷག་པ་དང་ནི་ཆད་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ།
ༀ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ། ཀྲི་ཏཾ་ཏེ་ན་ཏ་ཐཱ་ག་ཏཤྩ་སརྦ་བུདྡྷཤྩ། བི་སརྫ་ཡ་མ་མ་ཀཱརྨ ཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་ལ་སྔགས་དོན་ནི། ༀ་གྱི་དོན་ནི་གོང་ལྟར། ཛ་ཡ་ཛ་ཡ། ཞེས་པ་རྒྱལ་བ་རྒྱལ་བ། སུ་ཛ་ཡ་ནི་ཤིན་ཏུ་རྒྱལ་བ། བི་ཤྭ་སྣ་ཚོགས། རཱུ་པ་དྷ་རི་ནི་གཟུགས་འཛིན་པ། གཙྪ་གཙྪ་ནི་གཤེགས་གཤེགས། སྭསྠཱ་ནཾ་རང་གནས་སུ། ཀྲི་ཏཾ་ཏེ་ན་རྩལ་གྱིས། ཏ་ཐཱ་ག་ཏཤྩ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། སརྦ་བུདྡྷཤྩ་ནི་སངས་རྒྱས་ཐམས་ཅད་ཀྱང་། བི་སརྫ་ཡ་ནི་རྣམ་པར་བཅད་པ་སྟེ། མདུན་གྱི་དམ་ཡེ་དབྱེར་མེད་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཡེ་ཤེས་པ་དམ་ཚིག་པ་ལས་རྣམ་པར་ཆད་དེ་རང་གནས་སུ་
གཤེགས་པའི་དོན་དང་། མ་མ་ཞེས་པ་བདག །ཀཱརྱཾ་ཞེས་པ་བྱ་བ། ཀུ་རུ་མཛོད་ཅིག་ཅེས་དང་། སཱཧཱ་ནི་གཞི་ཚུགས་ཞེས་པའི་དོན་ནོ། །དེ་ནས་འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས།
དམ་ཚིག་པ་རྣམས་རང་ཉིད་ལ་ཐིམ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero