Recollecting purity and performing recitation
Recollecting purity དག་པ་དྲན་པ་ནི།
རྒྱས་པར་ན་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་སྨོན་འགྲེལ་ལྟར་ལ། ཅུང་ཟད་བསྡུས་ཙམ་བྱེད་ན། ཞལ་དགུས་ནི་གསུང་རབ་ཡན་ལག་དགུ་མཚོན་ཏེ། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་པ་ལྟར། རྟོགས་བརྗོད་དེ་ལྟ་བུ་བྱུང་བ། སྐྱེས་རབས་གསུམ་གླེང་གཞིར་བསྡུས་ཏེ་གསུང་རབ་ཡན་ལག་དགུ་ཞལ་དགུས་མཚོན་ཞིང་། རྭ་གཉིས་ཀྱིས་ཀུན་རྫོབ་སྒྱུ་ལུས་དང་། དོན་དམ་འོད་གསལ་མཚོན། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་གྱིས་དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་རྐང་པ་བཞི་དང་། དད་སོགས་དབང་པོ་ལྔ་དང་། སྟོབས་ལྔ་དང་།
བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གསུམ་ནི། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་འཕགས་ལམ་ཡན་ལག་བརྒྱད་ཀྱི་ལྷག་མ་ལྔ་མཚོན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག་རྣམ་པར་དག་པའོ། །མཚན་མ་གྱེན་དུ་བསྒྲེང་བས་ནི་བདེ་བ་ཆེན་པོ་རྒྱས་པ་མཚོན་ཞིང་།
མི་ལ་སོགས་པ་བརྒྱད་ནི། ལྷ་མོ་བཞིས་ཞུས་ལས། རིལ་བུ་མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲིའི་དངོས་གྲུབ་དང་། །ནམ་མཁར་འཕུར་དང་མི་སྣང་དང་། །འཆི་བ་མེད་དང་ནད་འཇོམས་སོ། །ཞེས་པ་ལྟར་གྱི་དངོས་གྲུབ་བརྒྱད་དེ། རིལ་བུའི་དངོས་གྲུབ་ནི། རྒྱུད་ལས་གསུངས་པ་ལྟར་སྒྲུབ་པའི་རིལ་བུ་ཉིན་རེར་རྒྱུན་དུ་ཟོས་ན་ལུས་འོད་ཀྱི་གཟི་བརྗིད་དང་ལྡན་པ་དང་། གསེར་གྱི་འོད་མདངས་འབར་བ་དང་། སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང་། དགེ་བ་ལ་སྤྲོ་ཤུགས་དྲག་པོའི་བརྩོན་འགྲུས་དང་། ཇི་ལྟར་འདོད་པའི་སྨོན་ལམ་འགྲུབ་པ་དང་། རྫུ་འཕྲུལ་སོགས་མངོན་པར་ཤེས་པ་ལྔ་ཐོབ་པ་སྟེ་ཕན་ཡོན་དྲུག་ཐོབ་པར་གསུངས། མིག་སྨན་ནི། དུད་པའི་མིག་སྨན་བསྒྲུབས་པ་ལ་བརྟེན་ནས་རབ་མི་སྣང་བ་དང་། འབྲིང་ས་འོག་ན་གནས་པའི་གཏེར་མཐོང་བ། ཐ་མས་བལྟས་ཙམ་གྱིས་གཞན་དབང་དུ་བྱེད་པའོ། །ས་འོག་གི་དངོས་གྲུབ་ནི། སྒྲུབ་པ་པོའི་ལུས་ས་ཆེན་པོ་འདིའི་དཔག་ཚད་དུ་མའི་བར་དུ་ཆུ་ལ་ཉ་བཞིན་འགྲོ་འོང་བྱེད་པ་སོགས་འབྱུང་ངོ་། །རལ་གྲི་ནི། རལ་གྲི་སོགས་ཀྱི་ཕྱག་མཚན་བསྒྲུབས་ནས་ལག་ཏུ་བཟུང་ཙམ་གྱིས་འོག་མིན་མཁའ་སྤྱོད་རི་རབ་ཀྱི་རྩེ་མོ་སོགས་གང་འདོད་ཀྱི་གནས་སུ་ཡུད་ཙམ་དུ་ཕྱིན་གྲུབ་པར་གསུངས་སོ། །ལྷག་མའི་དངོས་གྲུབ་བཞི་གོ་སླའོ། །དངོས་གྲུབ་དེ་དག་བསྐྱེད་པས་བཟླས་པ་དང་། སྦྱིན་སྲེག་དང་། རྫས་དང་། འཁྲུལ་འཁོར་སོགས་ལ་བལྟོས་ནས་བསྒྲུབ་དགོས། ནང་ལ་གཞོལ་བའི་བསྐྱེད་རིམ་པས་བསམ་གཏན་ཙམ་གྱིས་ཐམས་ཅད་བསྒྲུབ་ནུས་ཏེ་རིལ་བུ་ཕྱག་མཚན་སོགས་བསྒོམ་པའི་རིལ་བུ་ཕྱག་མཚན་གྱིས་འགྲུབ་པར་གསུངས་སོ། །
བྱ་རྒོད་ལ་སོགས་པ་བརྒྱད་ནི། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་པ་ལྟར་གྱི་དབང་ཕྱུག་བརྒྱད་དག་པ་དང་། གཅེར་བུ་ནི་ཆོས་ཐམས་ཅད་སྒྲིབ་གཡོགས་དང་བྲལ་བར་རྗེན་ཆར་དུ་རྟོགས་པ་དང་། སྐྲ་གྱེན་དུ་བརྗེས་པས་ཐོབ་བྱ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་གོ་འཕང་མཚོན་ཞིང་།
ཕྱག་སོ་བཞིའི་ཕྱག་མཚན་གྲི་གུག་གིས་ནི་མ་རིག་པ་གཅོད་པ་དང་། བྷི་དྷི་པཱ་ལས་ནི་གཟུང་འཛིན་གྱི་རྣམ་རྟོག་འབིགས་པ་དང་། གཏུན་ཤིང་གིས་དྲན་པ་ཉམས་པ་འཇོམས་པ་དང་། ཆུ་གྲིས་སྲིད་པ་རྣམས་གཅོད་པ་དང་། ཀ་ན་ཡས་སྒོ་གསུམ་གྱི་ཉེས་པ་འཇོམས་པ་དང་། དགྲ་སྟས་སེམས་ཅན་གྱི་སྒྲིབ་པའི་བག་ཆགས་གཅོད་པ་དང་། མདུང་གིས་ལྟ་ངན་འབིགས་པ་དང་། མདས་རྣམ་རྟོག་གི་ཟུག་རྔུ་ལ་བསྣུན་པ། ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་དང་གདུག་པ་ཅན་རྣམས་འགུགས་པར་བྱེད་པ་དང་། དབྱུག་ཏོས་ལས་ཀྱི་སྒྲིབ་པ་འཇོམས་པ། ཁ་ཊྭཱཾ་གས་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བྱེད་པ། འཁོར་ལོས་ཆོས་འཁོར་བསྐོར་བ། རྡོ་རྗེ་རྩེ་ལྔ་པས་ཡེ་ཤེས་ལྔའི་བདག་ཉིད་ཡིན་པ། རྡོ་རྗེ་ཐོ་བས་སེར་སྣའི་སྒྲིབ་པ་འཇོམས་པ། རལ་གྲིས་རལ་གྲི་སོགས་ཀྱི་དངོས་གྲུབ་སྟེར་བ། ཅང་ཏེའུས་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་རྣམས་བསྐུལ་བ་མཚོན་ནོ། །
ཕྱག་གཡོན་པའི་ཐོད་ཁྲག་གིས་དམ་ཚིག་ཉམས་ཆག་སྐོང་བ། ཚངས་པའི་མགོ་བོས་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པ། ཕུབ་ཀྱིས་བདུད་ལས་རྒྱལ་བ། རྐང་པས་སྒྲུབ་པ་པོ་སངས་རྒྱས་ཀྱི་སར་བགྲོད་པ། ཞགས་པས་ཡང་དག་པའི་ཡེ་ཤེས་ཀྱིས་རྒྱུད་འཆིང་བ། གཞུས་འཇིག་རྟེན་གསུམ་ལས་རྒྱལ་བ། རྒྱུ་མས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ། དྲིལ་བུས་ཤེར་ཕྱིན་གྱི་སྒྲ་སྒྲོག་པ། ལག་པས་ཞི་སོགས་ཀྱི་ལས་བྱེད་པ། དུར་ཁྲོད་ཀྱི་རས་ཀྱིས་སྟོང་ཉིད་ཀྱི་སྒྲིབ་གཡོགས་སེལ་བ། སྐྱེས་བུ་གསལ་ཤིང་ལ་བཙུགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཕུག་པ་སྟེ་སྟོང་ཉིད་མངོན་སུམ་དུ་རྟོགས་པ། མེ་ཐབ་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ། ཐོད་ཚལ་གྱིས་སྙིང་རྗེའི་བདུད་རྩིས་རྒྱུད་གང་བ། སྡིགས་མཛུབ་གྱིས་བདུད་རྣམས་ལ་བསྡིགས་པར་མཛད་པ། འཕན་རྩེ་གསུམ་པས་སྒོ་གསུམ་གྱི་དེ་ཁོ་ན་ཉིད་ངོ་བོ་གཅིག་ཏུ་རྟོགས་པ། རླུང་རས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོན་པ་མཚོན་ནོ། །གླང་ལྤགས་ཀྱིས་གཏི་མུག་འཇོམས་པ་མཚོན་ཞིང་། དེ་དག་ནི་རྡོ་རྗེ་གྲུབ་པའི་འགྲེལ་པ་དང་། སྭ་ན་ཤྲཱིའི་འགྲེལ་པ་དང་། ཏ་ཐཱ་ག་ཏ་རཀྵི་ཏའི་འགྲེལ་པ་རྣམས་ནས་བཤད་པ་ལྟར་ཡིན་ལ།
དེ་དག་གི་དོན་མདོར་བསྡུས་ན་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་པ་ཇི་ལྟར་བསྟན་ན། རང་ཉིད་ཀྱིས་བརྙེས་ཟིན་པའི་གོ་འཕང་མཐར་ཐུག་གི་འབྲས་བུ་དང་། དེར་བགྲོད་པའི་ལམ་དང་དེ་དག་གི་གཞི་སྟེ། ཐོག་མར་གཞི་བདེན་པ་གཉིས་གཏན་ལ་ཕབས། བར་དུ་ལམ་ཐབས་ཤེས་གཉིས་ཉམས་སུ་བླངས། མཐར་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བར་སྟོན་ཏོ། །
དག་པ་སྟོན་པའི་གཞུང་འདི་དག་ཕྱི་ནང་གཉིས་ལ་གཙོ་བོ་སྦྱར་ཏེ་འཆད་ཚུལ་རྗེ་ཡབ་སྲས་རྗེས་འབྲང་རྣམས་ཀྱི་གསུང་ལས་ཤེས་པར་བྱ་ཞིང་། སྤྱིར་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་རྒྱས་པར་དུས་འཁོར་ནས་བཤད་ཅིང་། དེ་ཉིད་རྒྱུད་སྡེ་གཞན་གྱི་སྐབས་སུ་འཁྱེར་ཤེས་དགོས་ཏེ། ད་ལྟ་བདེ་ཀྱཻ་གྱི་ཡོངས་གྲགས་བརྟག་གཉིས་དང་། བདེ་མཆོག་ཉུང་ངུའི་རྒྱུད་དུ་མི་གསལ་ཡང་། རྩ་རྒྱུད་རྒྱས་པ་སོགས་ནས་བཤད་དོ། །འདིར་ནི་རྟོག་བདུན་དུ་མི་གསལ་ཡང་། རྩ་རྒྱུད་རྒྱས་པ་དང་། རྟོག་གསུམ་ན་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་དང་དག་པ་དྲན་པའི་ཚུལ་རྣམས་རྒྱས་པར་ཡོད་དོ།
How to perform the recitations བཟླས་པ་བྱ་བའི་ཚུལ་ལོ།
བྲིས་སྐུའི་རྟོག་པར། མདུན་དུ་དུང་ཆེན་ཕྲེང་བས་བཟླས་པ་བྱ། །ཞེས་པ་ལྟར། བགྲང་ཕྲེང་ནི་ཐོད་ཕྲེང་ཡོད་ན་མཆོག་ཡིན་ཞིང་གཞན་བོ་དེ་ཙའམ། རཀྴ་གང་ཡང་རུང་བ་སྲད་བུ་དམར་པོ་དགུ་སྒྲིལ་གྱི་འཕྲེང་ཐག་ཅན་འདུ་བྱས་པ། སྐབས་འདིར་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་དེ་དབང་བསྐུར་རྒྱས་གདབ་གཞུང་
ལྟར་དང་། རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མི་མགོའི་འཕྲེང་བའི་རྣམ་པར་བལྟས་ལ། གཡས་པའི་མཐེ་བོང་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་བབ་པ་དང་ལྷ་རེ་རེ་ཆད་དེ་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ལ་ཐིམ་པར་བསམ་པའི་ལྷ་འགུགས་པའི་མོས་པ་དང་བཅས་ཏེ་སྔགས་བཟླ་ཞིང་། དེ་ཡང་ཐོག་མར་འཇམ་དཔལ་ཞི་བའི་སྔགས་བཟླས་ན་འཚུབ་ཆ་མི་འབྱུང་བར་གསུངས་པས། ཡི་དམ་འདི་ལ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་ཁྱད་པར་ཅན་ཡོད་ཚུལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་ཡི་དམ་འདི་ཉིད་རྒྱུད་སྡེ་གཞན་ལས་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པར་གསུངས་པ་ན། མཁས་གྲུབ་དགེ་ལེགས་
དཔལ་བཟང་གིས་ཁྱད་ཆོས་ལྔ་པོ་དེ་གསུངས་དགོས་ཞེས་གསེར་གྱི་མཎྜལ་དང་བཅས་ཏེ་གསོལ་བ་བཏབ་པའི་ངོར། ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་སུ་སེམས་ཅན་རྣམས་ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་སྲུང་བ། སྡོམ་པ་དང་མི་ལྡན། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ། ཆོས་སྤོང་ཞིང་ཁེངས་པ་ཆེ་བ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ་སོགས་ནང་གི་ཉོན་མོངས་པ་འཕེལ་ཞིང་རགས། དེ་ལ་བརྟེན་ནས་སྒོ་གསུམ་སྡིག་པའི་ལས་ལ་ཤིན་ཏུ་དགའ་བ་དང་། དེའི་འབྲས་བུས་སྣོ ད་བཅུད་ཀྱི་ཕུན་ཚོགས་ཐམས་ཅད་རིམ་
གྱིས་འགྲིབ། མི་ཤིས་པའི་མཚན་མ་ལྷག་པར་བདོ། ནག་པོའི་ཕྱོགས་ཀྱི་མི་དང་མི་མ་ཡིན་པས་ཆོས་སྤྱོད་པ་ལ་བར་དུ་གཅོད་པའི་སྟོབས་ཆེར་རྒྱས་པའི་སྐབས་འདིར་སྒྲུབ་པ་པོའི་མགོན་དང་སྐྱབས་མཛད་པ་དང་། གནོད་བྱེད་རྣམས་འཇོམས་པ་ལ་མཐུ་སྟོབས་འགྲན་ཟླ་དང་བྲལ་བའི་ཡི་དམ་འདི་ལྟ་བུ་མེད་ན་ཆོས་འགོ་མི་ཐོན་པས་ངེས་པར་བསྟེན་དགོས་པ་ནི་གནད་དང་པོ་དང་། ཡང་ཕྱག་མཚན་རྒྱུ་མ་དང་མེ་ཐབ་ཀྱིས་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་གྱི་ཟབ་ལམ་ཡོད་པར་སྟོན་པ་ནི་གནད་གཉིས་པ་དང་། ཁ་ཊྭཱཾ་གས་ཕ་རྒྱུད་ལ་མེད་པའི་གཏུམ་མོ་འབར་འཛག་གི་ཐབས་ཁྱད་པར་ཅན་དང་། བདེ་དགྱེས་སོགས་ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་ཐམས་ཅད་ཡོད་པར་སྟོན་པ་ནི་གནད་གསུམ་པ་ཡིན་ཞིང་། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་མི་དགེ་བ་བཅུ་དང་། མཚམས་མེད་ལྔ་དང་ཆོས་སྤོང་བ་སོགས་ཀྱི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པ་ནི་ཁྱད་ཆོས་བཞི་པ་དང་། སྤྱིར་དམར་ནག་འཇིགས་གསུམ་རྗེ་བཙུན་འཇམ་དཔལ་དབྱངས་ཁྲོས་པའི་ཁྲོ་བོར་མཚུངས་ཀྱང་སྔ་མ་གཉིས་ལ་རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་འཇམ་དཔལ་ཞི་བའི་སྐུའི་རྣམ་པ་དང་། འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་སུ་འཇམ་དཔལ་ཞི་བའི་ཞལ་གྱི་རྣམ་པ་དངོས་སུ་མེད་ཅིང་། རྡོ་རྗེ་འཇིགས་བྱེད་ལ་དེ་གཉིས་ཀ་དངོས་སུ་ཡོད་པས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་ཁྱད་པར་ཅན་ཉམས་སུ་བླང་བར་བྱར་ཡོད་པ་ནི་ཁྱད་ཆོས་
ལྔ་པར་གསུངས་པ་ལྟར།
སྐབས་འདིར་ཞི་ཁྲོ་སྦྲགས་སྒྲུབ་བྱེད་ཚུལ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་ཟླ་གདན་དང་། ཧཱུཾ་ཡིག་དྷཱིཿ ཡིག་ཏུ་བསྒྱུར་དགོས་པས། ཟླ་གདན་གྱི་སྟེང་དུ་འཁོར་ལོ་རྩིབས་དྲུག་པ། དེའི་ལྟེ་བར་དྷཱིཿ དམར་སེར། རྩིབས་དྲུག་ལ་ༀ་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་དྲུག །འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་སྤྲོས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། མི་ཤེས་པའི་མུན་པ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་སངས་ཀྱིས་
དག །ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམ་ལ། ཞི་བསྙེན་ཅི་འགྲུབ་བཟླ། མཇུག་ཏུ་རང་གི་ལྕེ འི་སྟེང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཁྱེན་རབ་ཀྱི་ངོ་བོ་དྷཱིཿ དམར་སེར་མགོ་གྲེ་ཕུག་ཏུ་ཉལ་སྟབས་སུ་གནས་པ་ལས་འོད་ཟེར་འཕྲོ ས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་དམར་སེར་གྱི་རྣམ་པར་བསྡུས་ནས་དྷཱིཿ ལ་ཐིམ་པར་བསམ་ལ། དྷཱིཿ བརྒྱ་རྩ་བརྒྱད་དབུགས་ཐེངས་གཅིག་ལ་བགྲངས་ཏེ། མཆིལ་མ་སྒྲ་མེད་གཅིག་མིད་པ་དང་དྷཱིཿ ཡིག་ཁོང་པར་སོང་སྟེ་སྙིང་གའི་དྷཱིཿ ཡིག་ལ་ཐིམ་པས་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བྱེད། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །ཞེས་སོགས་དང་། གང་ཚེ་བལྟ་བར་འདོད་པའམ། །ཞེས་སོགས་བརྗོད།
དེ་ཡང་། མི་ཤེས་གཅོད་ཅིང་མ་དག་འཁྲུད། །སྐུ་ཡིས་ཆེ་ཞིང་གསུང་གི་གསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །ཅེས་པའི་མན་ངག་ཁྱད་པར་ཅན་ནི། ཏིང་ངེ་འཛིན་སེམས་དཔའ་ཞུ་བ་ལས་རལ་གྲི་གྱེན་དུ་འགྲེང་བའི་ཡུ་བའི་ལྟེ་བར་གཡེར་ཁ་ནས་རལ་གྲིའི་རྩ་བ་ཐོན་པའི་རལ་གྲིའི་འཁོར་ལོ་རྩིབས་དྲུག་པ། དབུས་ཀྱི་རལ་གྲིའི་ཡུ་བའི་སྟེང་གི་དབུས་སུ་དྷཱིཿ རྩིབས་སྟེང་དུ་མ་རེག་པར་མདུན་ནས་གཡས་སྐོར་དུ། ༀ་ཨ་ར་པ་ཙ་ན། མཚམས་སུ་དྷཱིཿ དྲུག །དྷཱིཿ དབུས་མའི་གི་གུའི་ནང་དུ་ཟླ་གདན་ལ་དབུས་
སུ་རང་ཉིད་ཐ་མལ་པ། མཐའ་སྐོར་དུ་སེམས་ཅན་ཐམས་ཅད་ལྷ་མིའི་རྣམ་པ་ཅན། སྔགས་བཟླ་བའི་ཚེ་འཁོར་ལོ་གཡས་དང་སྔགས་ཕྲེང་གཡོན་དུ་འཁོར་ཞིང་། རང་གཞན་གྱི་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང་། ཁྱད་པར་མི་ཤེས་པ་རྨོངས་པའི་ཚོགས་རྣམས་སྐྲ་ཤད་ནག་པོའི་རྣམ་པར་ཐོན་ཏེ་ཕབ་པ། རལ་གྲིའི་རྩིབས་ཀྱི་སོས་ཉལ་ཉལ་གཏུབ་པའི་ཕྱེ་མ་ཉི་གདན་གྱིས་གཞོབ་ཐུལ་ཐུལ་བསྲེག་ཐལ་བ་རླུང་གིས་འོག་སྒོ་སོགས་ནས་འདོན་པར་བསམ་པ་མི་ཤེས་པ་གཅོད་པ། ས་བོན་དང་སྔགས་ཕྲེང་ལས་ལྷ་མོ་དཀར་མོ་བདུད་རྩི་དཀར་པོས་གང་བའི་བུམ་པ་ཐོགས་པ་དཔག་མེད་སྤྲོས་ཏེ་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་པ་མ་དག་པ་འཁྲུད་པ་ཡིན་ལ། འཁོར་ལོ་མང་དུ་བསྐོར་ན་སྲོ ག་རླུང་གི་རྒྱུར་འགྱུར་བས་རེ་གཉིས་ཙམ་ལས་མང་བ་མི་བྱ་བར་ཡང་གསུངས།
ཤེས་རབ་ཆེ་བའི་ཕྱིར་དུ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་རབ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པས། རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་གྱི་འོད་ཤིན་ཏུ་གསལ་བས་གང་། གསུང་རབ་ཀྱི་དགོངས་དོན་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བར་འགྱུར་བར་བསམ་ལ། མི་ཤེས་པ་གཅོད་པ་དང་མ་དག་པ་འཁྲུད་པའི་དམིགས་པ་སྔོན་དུ་འགྲོ་བའི་སྒོ་ནས་སྔགས་བཟླས་ནི་སྐུའི་སྒོ་ནས་ཤེས་རབ་ཆེ་བ་བསྒྲུབ་ཚུལ་ལོ། །དེ་བཞིན་དུ་ཤེས་རབ་གསལ་བ་ལ་ཨ་ར་པ་ཙ་ན་དང་དབྱངས་གསལ།མྱུར་བ་ལ་ས་བོན་དྷཱིཿ ཟབ་པ་ལ་ཕྱག་མཚན་རལ་གྲི། འཆད་པ་ལ་གླེགས་བམ། རྩོད་པ་ལ་རལ་གྲིའི་འཁོར་ལོ་རྐྱང་པ། རྩོམ་པ་ལ་དེ་གཉིས་ཆར་བྱེད་པ་སོགས་ཡིག་ཆ་གཞན་རྣམས་དང་ཞིབ་པར་བླ་མའི་ཞལ་ལས་ཤེས་པར་
བྱའོ། །
ཁྲོ་བོའི་བཟླས་པ་བྱེད་ཚེ་འཁོར་ལོ་ཡི་གེ་དང་བཅས་པ་འོད་དུ་ཞུ་བ་ལས་རྡོ་རྗེ་སྔོན་པོ་ལྔ་པ་གྱེན་འགྲེང་གི་ལྟེ་བར་ཉི་མ་ལ་ཧཱུཾ། དེའི་མཐར་སྔགས་ཕྲེང་བཀོད་དེ་བཟླས་པ་བྱ་ཞིང་། ཡང་ན་སླར་ཡང་ཟླ་གདན་འཁོར་ལོ་དང་བཅས་པ་ཉི་གདན་དང་། དྷཱིཿ ཡིག་ཧཱུཾ་ཡིག་ཏུ་བསྒྱུར་བའི་མཐར་གཡས་སྐོར་དུ་ཉེ་སྙིང་ཚར་གཅིག །དེའི་ཕྱི་རོལ་ཏུ་སྙིང་པོ་ཚར་གཉིས། དེའི་ཕྱི་རོལ་ཏུ་རྩ་སྔགས་ཚར་གཅིག་གིས་བསྐོར་བ་ལ་དམིགས་ཏེ་དྲག་སྔགས་རྣམས་བཟླ་དགོས་པས། དེའི་ཚུལ་ནི་རྒྱུད་རྟོག་པ་བདུན་པ་ལས། སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་མ་ཡོངས་སུ་བཅད་པར་བྱ། །ཞེས་པའི་དོན་ལྟར་འཇིག་རྟེན་ལས་འདས་པའི་བཟླས་པ་བྱེད་ན། ཐོག་མར་རྩ་ཞལ་ནས་འགོ་འདྲེན་པ་སྒོ་གཅིག་པ་ནི་དབྱེ་བར་བྱ་ཞེས་པའི་དོན་དང་། སྲིན་ཞལ་སོགས་ཞལ་གཞན་བརྒྱད་ནས་འགོ་མི་འདྲེན་པ་ལྷག་མ་ཡོངས་སུ་བཅད་པའི་དོན་དང་། འཇིག་རྟེན་པའི་བཟླས་པ་བྱེད་ཚེ། སྲིན་ཞལ་ནས་འགོ་འདྲེན་པ་ནི་སྒོ་གཅིག་པ་ནི་དབྱེ་བར་བྱ་ཞེས་པའི་དོན་དང་། ཞལ་ལྷག་མ་བརྒྱད་ནས་འགོ་མི་འདྲེན་པ་ལྷག་མ་ཡོངས་སུ་བཅད་པའི་དོན་དུ་གསུངས་པ་ལྟར་བྱ་ཞིང་། སྔགས་བཟླ་བའི་ཚེ་ཐོག་མར་རྩ་ཞལ་ནས་དབུ་མཛད་བྱས་པ་ལྟར་འགོ་བགྲངས་ཏེ་ཞལ་དགུ་ག་ནས་འབྲུག་སྟོང་ལྡིར་བ་ལྟར་སྔགས་ཀྱི་སྒྲ་
སྒྲོགས་པར་མོས་ཏེ་བཟླ་བ་ནི་རྭ་ལོ་ཆེན་པོའི་དགོངས་པ་ཡིན་ཞིང་ཞལ་གཞན་ནས་མི་འདོན་པ་མ་ཡིན་ནོ། །
དམིགས་པ་ནི་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་གི་ནཱ་ད་ལས་ཁྲོ་བོའི་ཚོགས་སམ་འོད་ཟེར་སྤྲོས། རྩ་ཞལ་གྱི་ཤངས་བུག་གཡས་ནས་ཐོན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཤངས་བུག་གཡོན་པ་ནས་ཞུགས་ཏེ་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་རང་གི་ལུས་ཀྱི་ནང་བཀང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ཐམས་ཅད་བསྲེག་ཅིང་ཚར་བཅད་པའི་མོས་པ་དང་། སྐབས་འགར་སྙིང་གའི་ཧཱུཾ་ཡིག་ལ་སེམས་ཞུགས་པ་བཞིན་དུ་མ་གཡེང་བར་ཧ་ཅང་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་དགོས་ཤིང་། བཟླས་མཚམས་བྱེད་ཁར་སྔགས་ཕྲེང་ལས་འོད་ཟེར་གྱི་སྣ་ལ་མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་པ་ཐོགས་པ་དཔག་མེད་འཕྲོས། རྒྱལ་བ་ཐམས་ཅད་ལ་མཆོད་པ་ཕུལ་ཏེ། དེ་དག་གི་སྐུའི་ཡོན་ཏན་དང་བྱིན་རླབས་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ། དེ་བཞིན་གསུང་གི་ཡོན་ཏན་བྱིན་རླབས་རྩ་སྔགས་སོགས་ཀྱི་ཡིག་འབྲུ། ཐུགས་ཀྱི་ཡོན་ཏན་བྱིན་རླབས་རྣམས་གྲི་གུག་ཐོད་ཁྲག་སོགས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ངོ་བོར་གྱུར་པར་བསམ་མོ། །
རྩ་སྔགས་ཀྱི་བཟླས་པ་ཟིན་པ་དང་། རྩ་བའི་སྔགས་ཕྲེང་འོད་དུ་ཞུ་སྟེ་སྙིང་པོ་ལ་ཐིམ་པར་བསམ་ལ། ཡི་གེ་བཅུ་པ་ཅི་འགྲུབ་བཟླ། དེའི་བཟླས་པ་ཟིན་པ་དང་འོད་དུ་ཞུ་སྟེ་ཉེ་སྙིང་ལ་ཐིམ་པར་བསམ་ལ། ཡི་གེ་བདུན་པ་ཅི་འགྲུབ་བཟླ། དེའི་བཟླས་པ་ཚར་བ་དང་། ཧཱུཾ་ཡིག་ལ་ཐིམ་པར་བསམ་བཟླས་པའི་གྲངས་ནི། བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་ལས། རྟོག་པ་གསུམ་པར། འདི་ནི་མ་ཧེ་གདོང་ཅན་གྱི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། །འཇིག་རྟེན་གསུམ་གྱིས་ལས་
ནི་གང་། །ཅི་ཡང་རུང་བ་ཐམས་ཅད་བྱེད། །ཅེས་ཉེ་སྙིང་ཡི་གེ་བདུན་པ་ལ་ཡིག་འབུམ་སྟེ་འབུམ་ཕྲག་བདུན། ཐམས་ཅད་ལས་ནི་བྱེ ད་པ་སྟེ། །ལས་ཀྱི་སྔགས་སུ་རབ་ཏུ་གྲགས། །སུམ་འབུམ་བཟླས་པས་ལས་ཀུན་བྱེད། །ཅེས་ལས་སྔགས་ཀྱང་ཡིན་ལ་སྙིང་པོའང་ཡིན་པའི་ཡི་གེ་བཅུ་པ་ལ་འབུམ་ཕྲག་གསུམ། མ་ཧེའི་གདོང་ཅན་རྩ་སྔགས་ཏེ། འབུམ་བཟླས་པ་ཡིས་ལས་ཀུན་བྱེད། །ཅེས་རྩ་སྔགས་འབུམ་ཕྲག་གཅིག་བཟླས་པས་ལས་ཀུན་བྱེད་ནུས་པར་གསུངས་ཤིང་། ཡང་རྟོགས་པ་བཞི་པར། སུམ་འབུམ་རྩ་བའི་སྔགས་བཟླས་བྱ། །འདི་བཟླས་པ་ཡི་སྔགས་པ་ཡིས། །ཐམས་ཅད་ལས་ནི་བྱེད་པར་འགྱུར། །འདི་སྦྱོར་ལ་གནས་སྔགས་པ་ཡིས། །རྟག་ཏུ་འཇིགས་མེད་ལས་ཀུན་བྱེད། །ཅེས་རྩ་སྔགས་འབུམ་ཕྲག་གསུམ་བཟླས་པས་རྒྱུད་ལས་བཤད་པའི་ལས་ཀུན་བྱ་ནུས་པར་གསུངས། འདི་ལྟར་གསུངས་པ་ནི་ལས་སྒྲུབ་པའི་སྐབས་ལ་དགོངས་པ་ཡིན་ཞིང་དེ་ཡང་རྫོགས་ལྡན་ལ་དགོངས་པ་ཡིན་ལ། རྗེ་བདག་ཉིད་ཆེན་པོས། ཞི་སོགས་ཀྱི་ལས་མང་པོ་བསྒྲུབ་པའི་བཟླས་པ་ནི་ད་ལྟའི་གང་ཟག་གིས་ཇི་སྐད་བཤད་པའི་མཚན་མ་བརྟན་པོ་ཐོབ་ན་མ་གཏོགས་པ་གྲངས་ཀྱི་བསྙེན་པ་བྱེ་བར་གསུངས་པ་ལེགས་པར་མཐོང་ངོ་། །ཞེས་ད་ལྟ་ལས་རབ་འབྱམས་བསྒྲུབ་པའི་བསྙེན་པ་བྱེད་ན་བསྐྱེད་རིམ་བསྒོམ་པས་ལྷའི་ང་རྒྱལ་བཅོས་མིན་བརྟན་པོ་ཐོབ་ཅིང་རྟེན་བརྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་རེག་མཐོང་གི་མཚན་མ་བརྟན་པོ་དང་ལྷས་གནང་བའི་མཚན་མ་བརྟན་པོ་ཐོབ་ན་མ་གཏོགས་གྲངས་བསྙེན་བྱེ ་བ་རེ་བྱ་དགོས་པར་གསུངས།
དེ་ལྟ་བས་ན་ལས་རབ་འབྱམས་བསྒྲུབ་པའི་བསྙེན་པའི་གོ་མི་ཆོད་ཀྱང་རྟོག་པ་གསུམ་པ་ནས་བཤད་པའི་གྲངས་ལྟར་བཟླ་བ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་རྒྱ་གར་བའི་པཎ་གྲུབ་ཀྱིས་མཛད་པའི་རྒྱ་གཞུང་མང་པོ་ལས་ཀྱང་བྱུང་བས་ལོང་ཡོད་ན་དེ་ལྟར་བྱེད་པ་མཆོག་ཡིན་ལ། དབང་བསྐུར། རབ་གནས། སྦྱིན་སྲེག །གཏོར་རྒྱག་སོགས་བྱེད་པ་ལ་སྙིང་པོ་དང་ལས་སྔགས་གཉིས་ཀ་ཡིན་པའི་ཧྲཱིཿ ཥྚྲཱིཿ ཡི་གེ་བཅུ་པ་འབུམ་ཕྲག་གཅིག་བཟླ་བར་གསུངས་པས་སྐབས་དང་སྦྱར། ཞེས་གསུངས་པ་ལྟར་དབང་བསྐུར་བ་སོགས་ཀྱི་ལས་རུང་གི་བསྙེན་པ་ལ་གཙོ་བོའི་རྩ་སྔགས་དང་སྙིང་པོ་གང་རིགས་འབུམ། ཡེ་ཤེས་འབེབས་སྔགས་ཁྲི། ལྷག་ཆད་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ཇི་ལྟར་རིགས་པར་བྱ། སྒྲུབ་པའི་བསྙེན་པའི་ཚད་སྔར་བཤད་པ་ལྟར་དང་། ད་ལྟ་བཞི་འགྱུར་དུ་བཟླ་དགོས་ཤིང་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བྱ་དགོས། སྤྱིར་སྔགས་ཀྱི་དོན་ནི་འགྲོ་བ་ཀུན་གྱི་ཡིད་སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་པར་བྱེད་པ་ཞིག་ཡིན་ལ། དེས་ན་ཤེས་རབ་དང་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་ནི་སྙིང་པོ་དང་། ཤེས་རབ་དང་སྙིང་རྗེ་མཚུངས་ལྡན་དང་བཅས་པ་ནི་གསང་སྔགས་དང་། ཤེས་རབ་དང་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ནི་རིག་སྔགས་དང་། ཤེས་རབ་དང་དྲན་པ་མཚུངས་ལྡན་དང་བཅས་པ་ནི་གཟུངས་སྔགས་དངོས་ཡིན་ལ། སྙིང་པོའི་སྔགས་བཟླས་པས་ལྷ་དེ་དང་དེའི་ཐུགས་རྒྱུད་བསྐུལ་བ་དང་།
ཉེ་སྙིང་གིས་ལྷ་དེའི་ཐུགས་རྒྱུད་བསྐུལ་བ་ལ་ཉེ་བར་བྱེད་པ་དང་། གསང་སྔགས་སོགས་གསུམ་གྱིས་ནི་ལྷ་དེ་ལ་འབོད་པ་དང་། རིག་པ་ཁྱད་པར་ཅན་བསྐྱེད་པ་དང་། ཡ་ང་བའི་གནས་སུ་ལྷུང་བ་ལས་འཛིན་པར་བྱེད་པ་ཡིན་ནོ། །
རྩ་སྔགས་ཀྱི་སྔགས་དོན་ནི། གང་དུ་གཤིན་རྗེ་རྒྱལ་པོས་རྟག་པར་བདག །འདྲེན་པ་གང་ཞིག་བདག་ལ་རིང་དུ་བརྩེ། །ལྷག་པར་གནོད་སྦྱིན་མིན་གང་བརྩེ་བ་གང་། །དེ་དག་ནད་མེད་སྩོལ་མཛད་གནོད་སྦྱིན་ལའོ། །ཞེས་པའི་དོན་དང་།
དོན་འགྱུར་ནི། །གཤིན་རྗེ་རྒྱལ་པོས་རྟག་ཏུ་བདག་དང་། །གཤིན་རྗེའི་གནོད་པས་གདུང་བའི་འགྲོ་བ། །གང་ཡིན་སྐྱེ་གནས་ཟད་མེད་འཇིག་མེད། །མཆོག་སྦྱིན་ངེས་པར་སྩོལ་ཞིག་བརྩེ་བས། །ཞེས་པའི་དོན་དང་།
སྙིང་པོའི་དོན་ནི། འཕྲོག་བྱེད་མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན། ཞེས་དང་།
དོན་འགྱུར་ནི། རྡོ་རྗེ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་ཤེས་རབ་སྟོང་པ་ཉིད་ཡུལ་ཡུལ་ཅན་དུ་སྦྱོར་བའི་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ངེས་དོན་གྱི་རྡོ་རྗེ་འཇིགས་བྱེད། སྲིད་པ་གསུམ་གྱི་གདུག་པ་ཅན་མ་ལུས་པ་འདུལ་བའི་ཕྱིར་དུ་ཁྲོ་བོའི་རྒྱལ་པོའི་སྐུར་བསྟན་པ་ཁྱོད་ཀྱིས་སྡུག་བསྔལ་དང་ཀུན་འབྱུང་མ་ལུས་པ་ཆོམས་ཤིག །ཁོས་ཤིག་ཅེས་པའི་དོན་དང་།
ཉེ་སྙིང་གི་དོན། གཤིན་རྗེ་མཐར་བྱེད་ཅེས་དང་།
དོན་འགྱུར་བྱས་ན། ཕྱི་ནང་གསང་བའི་གཤིན་རྗེའི་གཉེན་པོར་དྲག་ཏུ་ཁྲོས་པ་ཁྱོད་ཀྱིས་ཕྱི་ནང་གསང་བའི་གཤིན་རྗེ་མ་ལུས་པ་ཆོམས་ཤིག་ཁོས་ཤིག །ཅེས་པའི་དོན་ཡིན་པར་གསུངས་སོ། །
དེ་ལྟར་བསྙེན་པ་ཅི་འགྲུབ་བཟླས་པའི་རྗེས་སུ་རང་གི་སྤྱི་བོའི་རིགས་བདག་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པ་ཁ་དོག་དཀར་པོས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། ལྷག་ཆད་ལ་སོགས་པའི་ཉེས་པ་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཚར་གཅིག་བཟླས་ལ་མཆོད་བསྟོད་མདོར་བསྡུས་བྱེད།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero