Performing the offerings and praises

Performing the offerings མཆོད་པ་བྱ་བ་ནི།

རང་གི་སྙིང་ག་ནས་ཙ་རྩི་ཀ་ལ་སོགས་པའི་ལྷ་མོ་བཞི་མཆོད་ཡོན་འཛིན་པའི་རྣམ་པ་ཅན་དཔག་མེད་སྤྲོས་ཏེ། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པ་མཆོད་པར་བསམ། དེ་བཞིན་དུ་ལྷ་མོ་བཞི་ཀ་མེ་ཏོག་འཛིན་པ་སོགས་སྤྲོས་ཏེ། ༀ་ཧྲཱིཿ ཥྚྲཱིཿ ཧ་ཞེས་སོགས་ཀྱིས་སྐུའི་གནས་སོ་སོར་མཆོད། དེའི་ཚེ་ཕྱག་རྒྱ་ནི་ལག་པ་གཉིས་ཀྱིས་སེ་གོལ་གཏོག་ཅིང་། མཆོད་པ་དེ་དང་དེ་ཕུལ་ཟིན་པ་དང་། སེ་གོལ་ནང་དུ་གཏོག་ཅིང་མཆོད་ལྷ་སྙིང་གར་བསྡུ། ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་པར་བསམ་དགོས་ཤིང་། ཁྱད་པར་དུ་གྲུབ་ཆེན་ནག་པོ་པས། དོགས་པ་དང་། ངེས་པའི་ཤེས་པ་དང་བྲལ་བ་དང་། དངོས་པོར་བལྟ་བ་མེད་པ་དང་།
རེ་བ་དང་བཅས་པ་མེད་པ་དགོས་པར་གསུངས་པ་ལྟར། རིམ་པ་བཞིན་འདི་འབུལ་དུ་རུང་ངམ་མི་རུང་སྙམ་པ་དང་། ལྷ་མཉེས་པར་འགྱུར་རམ་མི་འགྱུར་སྙམ་པའི་དོགས་པ་མེད་པ་དང་། ངེས་པའི་ཤེས་པ་དང་བྲལ་བ་ནི་ཐ་མལ་གྱི་སྣང་ཞེན་མེད་པ་དང་། དངོས་པོར་བལྟ་བ་མེད་པ་ནི་བདེན་པར་མི་འཛིན་པའི་དོན་ཡིན་པས་མཆོད་པའི་འཁོར་གསུམ་རང་བཞིན་གྱིས་གྲུབ་པར་བལྟ་བ་མེད་པའི་དོན་དང་། རེ་བ་མེད་པའི་དོན་ནི་འཕྲལ་གྱི་ནད་གདོན་ཞི་བ་སོགས་རང་དོན་ཁོ་ནར་དམིགས་པ་མེད་པའི་དོན་ཡིན་པས་འདི་དག་ཤིན་ཏུ་གལ་ཆེའོ། །

ནང་མཆོད་འབུལ་བ་ནི། བདེ་མཆོག་རྩ་རྒྱུད་ལས། སྦོ མ་པོ་མཐའ་ལྟག་རྩེ་སྦྱར་བས། །རྣལ་འབྱོ ར་རིག་པས་རྟག་ཏུ་དཔྱད། །ཅེས་གསུངས་པ་ལྟར་བྱིན་གྱིས་བརླབས་པའི་ནང་མཆོད་ལག་པ་གཡོན་པའི་མཐེབ་སྲིན་ཡབ་ཀྱི་རྡོ་རྗེ་དང་། ཡུམ་གྱི་པདྨར་བསམ་སྟེ་མཐེབ་སྲིན་སྦྱར་ལ་ནང་མཆོད་གཡོན་སྐོར་དུ་ལན་གསུམ་དུ་བསྲུབས་པ་ལས་དབུས་ནས་བདུད་རྩིའི་སྙིང་པོ་བླང་སྟེ་ཕུལ་བར་བསམ་ཞིང་། དེ་ཡང་ངོ་བོ་བདེ་སྟོང་གི་རང་བཞིན་ཡིན་པ་ལ། རྣམ་པ་ཁམས་དཀར་དམར་གྱི་བདུད་རྩི་ཕུལ་བས་མགྲོན་རྣམས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཚིམ་པར་མོས་ལ།

འབུལ་བའི་ཚུལ་ནི། སྤྱི་བོའི་རིགས་བདག་གི་ཐུགས་ཀར་ཟླ་བའི་གདན་ལ་དབུས་སུ་སེང་ཁྲི་པད་ཟླའི་
གདན་ལ་རྩ་བའི་བླ་མ་དེའི་མདུན་ནས་གཡས་སྐོར་དུ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་བསམ་ལ།
ༀ་མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ནས་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་བརྗོད་དེ་རྩ་བའི་བླ་མ་ལ་སྤྱི་གཙུག་གི་ཐད་ནས་མཐེབ་སྲིན་གྱིས་བདུད་རྩི་འཐོར་ཏེ་འབུལ། དེ་ནས་བརྒྱུད་པའི་བླ་མ་རྣམས་ལ་སྨིན་མཚམས་ཀྱི་ཐད་ནས་འབུལ། སྙིང་ག་ནས་ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་ཨཿ ཧཱུཾ། ཞེས་བརྗོད་པའི་སྐབས་སུ་ཡི་དམ་རྡོ་རྗེ་འཇིགས་བྱེད་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ལ་འབུལ། ལྟེ་བའི་ཐད་ནས་འཇམ་དབྱངས་ཀྱི་བཀའ་སྡོད་དམ་ཅན་ཆོས་ཀྱི་
རྒྱལ་པོ་དང་སྔོན་སངས་རྒྱས་མཐོང་ཞིང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་ཅན་རྣམས་དང་། ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ལ་འབུལ། པུས་མོའི་ཐད་ནས་བདུད་རྩི་འཐོར་ཞིང་གཉུག་མར་གནས་པའི་གཞི་བདག་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ལ་འབུལ། སླར་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷའི་རྣམ་པར་སྤྱན་དྲངས་ཏེ་རང་གི་ལུས་ལ་ཞུགས་པར་མོས་ལ། གཞོན་ནུ་ཟླ་བས་གསུངས་པ་ལྟར་ལུས་ལ་བཅུག་པའི་ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཟེར་གྱི་སྤུ་གུས་དྲངས་ནས་ལོངས་སྤྱད་པས་ཚིམ་པར་བསམ་ལ། ལས་སྔགས་བརྗོད་ཅིང་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ་མྱང་། ༀ་ཨམྲི་ཏ་སྭ་ད་ན་ཞེས་སོགས་ཀྱི་སྐབས་སུ་མགྲོན་རྣམས་ལ་བདུད་རྩི་ཕུལ་བའམ་སྦྱིན་པས་ངེས་དོན་གྱི་རྡོ ་རྗེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་དེ་ངའོ་སྙམ་དུ་བསམ།


Performing the praises བསྟོད་པ་བྱ་བ་ནི།

རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་རྣམས་ཀྱིས་རང་ལ་བྲག་ཆའི་དབྱངས་བཞིན་དུ་བསྟོད་པར་བསམ་ལ། ཧཱུཾ། འཇམ་དཔལ་མཁའ་ལས་བྱུང་བའི་ཞེས་སོགས་སློ བ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པའི་བསྟོད་པ་གདོན། ཚིག་དོན་ནི། འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱི་འདུད། །ཅེས་རྒྱལ་བ་ཐམས་ཅད་ཀྱི་སྒྲིབ་བྲལ་གཉིས་སུ་མེད་པའི་ཡེ་ཤེས་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བ། རྗེ་བཙུན་འཇམ་དཔལ་དབྱངས་ལ་སྒྲུབ་པ་པོ་བདག་ནི་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་རེ་བ་དང་བཅས་ཏེ་སྒོ་གསུམ་གུས་པ་ཆེན་པོས་འདུད་པ་སྟེ་ཕྱག་འཚལ་ལོ། །ཕྱག་འཚལ་ཡུལ་གྱི་འཇམ་དཔལ་དབྱངས་དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གསུམ་ལས་དང་པོ་ནི། ཧཱུཾ་འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །ཞེས་ཧཱུཾ་ནི་རྒྱལ་བའི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་ཡིན་པས་ཐུགས་རྒྱུད་བསྐུལ་བའི་དོན་དང་། སྒྲིབ་བྲལ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྟོང་པ་ཉིད་ལ་རོ་གཅིག་ཏུ་ཞུགས་པའི་ངེས་དོན་གྱི་འཇམ་དཔལ་དེ་དགག་བྱ་རང་བཞིན་གྱིས་གྲུབ་པར་འཛིན་པའི་སྤྲོས་པ་མཐའ་དག་བྲལ་བ་ནམ་མཁའ་ཐོགས་རེག་དང་བྲལ་བ་ལྟ་བུའི་དབྱིངས་ལས་སྐལ་ལྡན་གྱི་གདུལ་བྱའི་དོན་དུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མཆོག་བལྟ་བས་ཆོག་མི་ཤེས་པ་གསེར་སྦྱངས་བཙོ་མའི་མདོག་དང་ལྡན་ཞིང་སྣང་ལ་རང་བཞིན་མེད་པར་འཇའ་ཚོན་ལྟ་བུའི་སྐུར་ཤར་བ་སྟེ་སྐུ་ལ་བསྟོད་པ་དང་། འཇམ་དཔལ་ཐུགས་ལ་ཆོས་ཀུན་རང་བཞིན་གསལ། །ཞེས་པའི་དོན་ནི། འཇམ་དཔལ་དབྱངས་དེ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མཆོག་བརྙེས་ཟིན་པས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་ཏེ། འཁྲུལ་པའི་ཆ་ཕྲ་མོ་ཙམ་ཡང་མི་མངའ་ཞིང་ཇི་ལྟ་ཇི་སྙེད་ཀྱི་ཆོས་མཐའ་དག་གི་གནས་ཚུལ་སོ་སོར་མ་འདྲེས་པར་གསལ་བར་གཟིགས་པ་སྟེ་ཐུགས་ཀྱི་ཡོན་ཏན་དང་།
འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །ཞེས་པའི་དོན་ནི། རྒྱལ་བའི་དབང་པོ་ཙོང་ཁ་པ་ཆེན་པོས། རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་གསུངས་པ་ལྟར། ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་འཇམ་པ་དང་། ཚོགས་གཉིས་ཀྱི་ལག་རྗེས་མཐར་ཐུག་པའི་དཔལ་དང་ལྡན་པ་ཚངས་དབྱངས་འབུམ་སྡེ་ཟིལ་གྱིས་གནོན་པའི་ཡན་ལག་དྲུག་ཅུའི་ཁྱད་པར་དང་ལྡན་པའི་གསུང་གིས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོའི་དོན་མ་ལུས་པ་ཇི་ལྟ་བ་བཞིན་སྟོན་པ་ལ་དབང་བསྒྱུར་བ་སྟེ་གསུང་ལ་བསྟོད་པའོ། །

ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང་། །ཞེས་པ་ནས། འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །ཅེས་པའི་བར་གྱི་དོན་ནི། ཤོ་ལོ་ཀ་དང་པོའི་སྐབས་སུ་བསྟན་པ་རྗེ་བཙུན་འཇམ་དཔལ་དབྱངས་ཞི་བའི་རྣམ་པ་ཅན་དེ་ཐུགས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་དེ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་འཇམ་པ་སྟེ། མ་བུ་གཅིག་པ་ལ་བརྩེ་བ་ལྟ་བུའི་བརྩེ་བ་སྙིང་རྗེ་ཆེན་པོའི་ངང་ལས་དུས་རྟག་ཏུ་གཡོ་བ་མེད་ཀྱང་། ཞི་བས་འདུལ་དུ་མ་ནུས་པའི་ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ལྕགས་མཁར་སྒོ་མེད་བཅུ་དྲུག་གི་ནང་ལ་གནས་པའི་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སོགས་གདུག་པ་ཅན་མ་རུངས་པའི་ཚུལ་ཅན་རྣམས་འདུལ་བའི་དོན་དུ་སྲིད་འདིར་འཇིགས་པ་ཅན་གཞན་མཐའ་དག་འཇིགས་པར་བྱེད་པ་རྡོ་རྗེ་འཇིགས་བྱེད་ལམ་དང་འབྲས་བུའི་གནད་ཆེན་པོའི་སྣང་སྟོང་ཁྲོ་བོའི་དབང་པོའི་སྐུར་སྟོན་པ་སྟེ། དེ་ཡང་བསྐལ་པ་འཇིག་དུས་ཀྱི་མེ་ལྟར་མི་ཟད་པའི་དྲག་ཤུལ་དང་ལྡན་པ་སྟེ། ཞལ་གནམ་ས་ལྟ་བུར་གདངས་ཤིང་། ཤངས་སྟེང་དུ་ཁྲོ་གཉེར་དང་ལྡན་པ་སྨིན་མ་དང་སྨ་ར་མེ་ལྟར་འབར་ཞིང་། དམར་ལ་ཟླུམ་པའི་སྤྱན་གསུམ་གློག་ལྟར་འཁྱུག་ཅིང་གཡོ་བ། གངས་རི་ལྟ་བུའི་མཆེ་བ་གཙིགས་ཤིང་ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་རབ་ཏུ་འབར་
བ། རྡོ་རྗེ་རྟ་སྐད་དེ་སྒྲ་སྐད་དྲག་པོ་སྔར་བཤད་པ་ལྟར་གྱི་ཧ་ཧ་ལ་སོགས་པའི་བཞད་པ་བརྒྱད་སྒྲོགས་པ། སྲིན་ཞལ་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཕ້་གྱི་སྒྲ་སྒྲོགས་པ། ནག་ཕྱོགས་བདུད་རིགས་མ་རུངས་པ་རྣམས་ལ་ཁྲོས་པའི་ཚུལ་གྱིས་ཞབས་བརྒྱད་བརྐྱངས་བསྐུམ་གྱི་སྟབས་ཀྱིས་ཅུང་ཟད་བརྡབ་པ་ཙམ་གྱིས་ཀྱང་འབྱུང་བཞིའི་དཀྱིལ་འཁོར་རི་དབང་དང་བཅས་པ་འདར་ཞིང་གཡོ་བར་ནུས་པ། ཁམས་གསུམ་པོ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། གཡས་གཡོན་གྱི་ཕྱག་རྣམས་སྡིགས་མཛུབ་གདེངས་པས་འཇིག་རྟེན་ན་ཆེ་བར་རློམ་པའི་དྲེགས་ལྡན་གྱི་ལྷ་ཆེན་མཐའ་དག་འདུལ་བར་མཛད་པ། ལྗགས་གློག་ལྟར་འགྱུ་ཞིང་། ཁྲོ་ཞལ་རྣམས་མིའི་ཁྲག་ཞག་རྐང་ཚིལ་རྣམས་ཟ་ཞིང་། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཟ་བར་ནུས་པ་ལྟ་བུའི་ཉམས་དང་ལྡན་པ། རྒྱན་གྱིས་ཁྱད་པར་ཡང་སྔར་བཤད་པའི་རུས་པའི་རྒྱན་དང་གླང་ཆེན་གྱི་ཀོ་རློན་ཐོད་པ་སྐམ་རློན་གྱི་དབུ་རྒྱན་དང་དོ་ཤལ་འཕྱང་བ། མ་རིག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་པའི་སྐུ་གཅེར་བུར་བཞུགས་པ། དབང་ཕྱུག་ཆེན་པོའི་ཚུལ་ཞེས་པ་སོགས་ལ་འོག་ནས་འབྱུང་བ་ལྟར་དང་། འཇིགས་བྱེད་མ་ཧེ་ཁྲོས་ཤིང་འགྱུར་བའི་གདོང་། །ཞལ་དགུ་འབར་བས་ཞེས་པའི་དོན་ཀྱང་འོག་ནས་འབྱུང་ཞིང་། སྲིད་པ་ཟ་ཞིང་རྔུབས་ཞེས་པའང་ཚིག་མི་འདྲ་བ་མ་གཏོགས་གོང་ལྟར་དང་། འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །ཞེས་གཡས་ཀྱི་ཕྱག་བཅུ་དྲུག་གི་སྡིགས་འཛུབ་གྱེན་དུ་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་ཤིང་སྒྲུབ་པ་པོ་ལ་དངོས་གྲུབ་མྱུར་དུ་སྩོལ་ཞིག་ཅེས་པའི་བརྡ་དང་། གཡོན་གྱི་ཕྱག་བཅུ་དྲུག་གི་སྡིགས་མཛུབ་ཀྱི་རྩེ་འོག་ཏུ་བསྟན་པས་སྒྲུབ་པ་པོ་ལ་བར་དུ་གཅོད་པའི་འཇིག་རྟེན་པའི་ལྷ་རྣམས་ཚར་གཅོད་པའི་བརྡ་དང་། བདུད་རིགས་ཀུན་འཇོམས་ཞབས་གཉིས་བརྐྱངས་བསྐུམ་གནས། །ཞེས་པའི་དོན་གོང་དུ་འདུས་ཤིང་། དེ་ལྟ་བུའི་རྣམ་པ་ཅན་གྱི་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །ཅེས་པའི་དོན་ཏེ། དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །ཞེས་པ་ནས། འདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་དོན་ནི། གཡས་ཀྱི་མཐིང་ནག་དམར་དང་སེར་བའི་ཞལ་གསུམ་ནི་རབ་ཏུ་བགྲད་པའི་ཉམས་དང་ལྡན་ཅིང་། གཡོན་གྱི་དཀར་དང་དུད་ཁ་ནག་པོའི་ཞལ་གསུམ་ནི་ཤིན་ཏུ་གདངས་པའི་ཉམས་དང་ལྡན་པ་དང་། དབུས་ཀྱི་ཞལ་གསུམ་ནི་རྩ་ཞལ་དྲག་ཏུ་ཁྲོས་པ་དང་། སྲིན་ཞལ་མདོག་དམར་པོས་ཁྲོ་ཆགས་ཀྱི་ཉམས་དང་ལྡན་པ་དང་། འཇམ་དཔལ་གྱི་ཞལ་ནི་ཞི་བའི་ཉམས་ལྡན་ཏེ་གོ་སླ་ཞིང་། གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །བརྡེག་ཅིང་འཛོམས་པའི་མཚོན་ཆ་གདེངས། །ཞེས་པ་ནི་རྡོ་རྗེ་གྲི་གུག་དེས་བགེགས་ལ་བརྡེག་ཅིང་དེ་དག་འཇོམས་པ་དང་དེས་མཚོན་པའི་ཕྱག་མཚན་རྣམས་གདེངས་པ་དང་། གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོལ་ཞིང་སྟོབས་པའི་མཚན་མས་མཛེས། །ཞེས་པའི་དོན། ཁྲག་རོལ་ཞིང་ཐོད་པའི་ནང་གི་ཁྲག་སྟོབ་པ་སྟེ་འབུལ་བའི་ཚུལ་དང་། དེས་མཚོན་པའི་ཕྱག་མཚན་རྣམས་ཀྱིས་གཡོན་གྱི་ཕྱག་རྣམས་མཚན་པ་དང་། ཤིན་ཏུ་དྲག་ཅིང་བརྗིད་པའི་ཉམས་དང་ལྡན་པའི་ཞབས་བཅུ་དྲུག་གིས་སྟངས་སྟབས་མཛད་པའི་དྲག་ཤུལ་གྱི་ཚམ་རྔམ་མི་ཟད་པའི་ཚུལ། གཡས་ཀྱི་ཞབས་བརྒྱད་བསྐུམ་པས་དྲེགས་པའི་ལྷ་བརྒྱད་ཐབས་མཁས་ཀྱི་མཛད་
པས་འདུལ་བ་དང་། གཡོན་གྱི་ཞབས་བརྒྱད་བརྐྱངས་པས་དྲེགས་པའི་ལྷ་མོ་བརྒྱད་ལ་རོལ་བའི་ཚུལ་མཛད་པ་ཡིན་ལ། དེ་ཡང་གཏམ་རྒྱུད་ཀྱི་རྟོག་པའི་ཊིཀྐར། ཞེ་སྡང་ཤས་ཆེ་བའི་བུ་དྲེགས་པ་ཕོ་བརྒྱད་ཞོན་པ་དང་བཅས་པ་སྟེང་གི་གདོན་བརྒྱད་ཀྱི་ངོ་བ་མཚོན་བྱེད་མི་ནས་ལྕེ་སྤྱང་གི་བར་བརྒྱད་གཡས་ཞབས་བརྒྱད་ཀྱི་གདན་དུ་ཕུལ། །ཞེས་དང་། འདོད་ཆགས་ཤས་ཆེ་བའི་བུ་དྲེགས་པ་མོ་བརྒྱད་ཞོན་པ་དང་བཅས་པ་སྟེང་གི་གདོན་བརྒྱད་ཀྱི་ངོ་བོ་མཚོན་བྱེད་བྱ་རྒོད་ནས་བཞད་ཀྱི་བར་བརྒྱད་ཞབས་གཡོན་བརྒྱད་ཀྱི་གདན་དུ་ཕུལ། ཞེས་གསུངས་པ་ལྟར་རོ། །

འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིངྒ་རྒྱས་པའི་ཚུལ། །ཞེས་པ་ནི། འདོད་ཆགས་ཅན་དབང་ཕྱུག་ཆེན་པོ་འདུལ་བའི་ཕྱིར་ལིངྒ་སྟེ་མཚན་མ་དུས་རྟག་ཏུ་རྒྱས་པ་སྟེ་འགྲེང་བའི་ཚུལ་མཛད་པ་སྟེ།མཚན་མ་གྱེན་འགྲེང་གི་དག་པ་འཆད་པ་ན་བདེ་བ་ཆེན་པོ་རྒྱས་པ་ཞེས་གསུངས་པ་འདི་ལ་དགོངས་ན་སྐབས་འདིར་ཡང་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་དེ་ལྟར་གསུངས་ཤིང་། དེའི་ཚེ་ཡུམ་དང་སྦྱོར་བའི་རྣམ་པ་ཅན་དུ་མེད་ཀྱང་གོང་དུ་བཤད་པ་ལྟར། སྤྱིར་ཡུམ་དང་སྦྱོར་བའི་འདོད་ཆགས་
ཆེན་པོ་ལམ་དུ་བྱེད་པ་མཚོན་ཏེ། ལིངྒ ་གྱེན་དུ་ལངས་པའི་རྣམ་པར་བསྟན་པས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཐབས་ཀྱིས་བདེ་ཆེན་འདྲེན་པའི་འདོད་ཆགས་ཆེན་པོའི་ལམ་བྱེད་མཚོན་པའི་ཕྱིར། འཇིགས་བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་དེ་འདྲའི་འདོད་ཆགས་ལམ་དུ་བྱེད་དགོས་པར་ཤེས་ལ། དེའི་ཕྱིར་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ཡོད་པར་གྲུབ་ཅིང་། དེ་གྲུབ་ན་ཡུམ་ཡང་ཡོད་པར་གྲུབ་བོ། །མདོར་ན་སྐུ་ཤིན་ཏུ་དྲག་པོའི་རྣམ་པར་བསྟན་པས་ཞེ་སྡང་སོགས་ཉོན་མོངས་དུག་གསུམ་རྩད་ནས་གཅོད་ཅིང་འདུལ་བའི་སྐུ་ཅན་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །

དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །ཞེས་པ་ནས། མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་དོན་ནི། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་རྟེན་གཞལ་ཡས་ཁང་ངམ་དཀྱིལ་འཁོར་དུ་བདུད་དང་གཤིན་རྗེ་སྲིན་པོ་ལ་སོགས་པའི་གདུག་ཅན་མ་རུངས་པ་མཐའ་དག་ཞི་དྲག་གི་ཐབས་ཚུལ་སྣ་ཚོགས་པའི་མཛད་པས་འདུལ་ཞིང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་སྒྲུབ་པ་པོའི་ལམ་སྒྲུབ་པའི་གྲོགས་སུ་དབང་དུ་བསྡུ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་དང་། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ཞེས་སོགས་ཀྱི་དོན་ནི། བརྟེན་པ་ལྷའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་དཔག་པར་དཀའ་བའི་དབང་ཕྱུག་གམ། ཡོན་ཏན་ལ་དབང་འབྱོར་པས་ཚངས་དབང་ཁྱབ་འཇུག་ཉི་ཟླ་སོགས་དྲེགས་པ་ལྡན་མཐའ་དག་དབང་དུ་སྡུད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་སྤྲུལ་པའི་འཁོར་གྱིས་བསྐོར་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་དང་། ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཞེས་སོགས་ཀྱི་དོན་ནི། རྟེན་དང་བརྟེན་པའི་ཞི་ཁྲོའི་དཀྱིལ་འཁོར་ཇི་ལྟ་བུར་སྤྲུལ་ཀྱང་དེ་ཐམས་ཅད་རྣམ་དག་དབྱིངས་ལས་མ་གཡོས་པ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པའི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཆོས་རྣམས་ཀྱི་གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་དང་རོ་གཅིག་ཏུ་ཞུགས་པའི་དབྱིངས་ལས་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་མ་གཡོས་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མའི་ཟློས་གར་ལྟ་བུར་སྣང་ཡང་། དོན་དམ་སྤྲོས་བྲལ་མཉམ་པ་ཉིད་དུ་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །བསྟོད་པ་འདིའི་ཚིག་དོན་མདོར་བསྡུས་དེ་ཙམ་གྱིས་ཆོག་ཅིང་། གཞན་ཁྱད་པར་བཅོ་ལྔ་གསུངས་ཚུལ་སོགས་རྒྱས་པར་འཇིགས་བྱེད་ཆོས་འབྱུང་དུ་གསལ་བ་
ལྟར་རོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero