Offering the torma

གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། དེ་ཡང་སྔར་རྒྱུན་ལྟར་གཏོར་མ་གསུམ་ག་ལ་བྱིན་རླབས་གཅིག་གིས་ཆོག་པ་འཇུག་པ་བདེ་བར་མངོན། དེ་ནས་མདུན་དུ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ལ། ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ། མགྲོན་རྣམས་ཀྱི་ལྗགས་བྱིན་རླབས་སྔོན་འགྲོའི་སྐབས་ལྟར་བྱས་རྗེས། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བྷཻ་ར་ཝཱ་ཡ་སོགས་ལན་བདུན་གྱིས་གཏོར་མ་ཕུལ།
མཆོད་བསྟོད་གོང་ལྟར་བྱ། ཕྱོགས་སྐྱོང་གི་གཏོར་མ་འབུལ་སྐབས་ལྗགས་བྱིན་རླབས་གོང་གི་མགྲོན་རྣམས་ཀྱི་ཞེས་པའི་མང་ཚིག་གི་ནུས་པས་སྔོན་དུ་སོང་ཟིན་ཅིང་། འབུལ་ཚུལ་དངོས་ནི། རྩ་སྔགས་བརྗོད་པ་དང་། ༀ་བྷུ་ཙ་ར་ནཾ་ཞེས་སོགས་ཀྱི་སྔགས་དོན་དང་། འབུལ་ཚུལ་འཕྲིན་ལས་འཆོལ་བ་ཕལ་ཆེར་སྔོན་འགྲོའི་སྐབས་ལྟར་ལ། མཇུག་ཏུ་བདག་གིས་དམ་པའི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བའི་འཕྲིན་ལས་མཛོད་ཅིག །ཅེས་བྱ།

དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་ལས་གཤིན་ལ་གཏོར་མ་འབུལ་ཚུལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོ ས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཞེས་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ༀ་ཀཱ་ལ་རཱུ་པ་ཡེ་གྷྲི་ཧྣེ་དཾ་ཞེས་སོགས་ཀྱིས་མཆོད། ནང་མཆོད་ཕུལ། འཇམ་དཔལ་བཀའ་ཉན་བསྟན་སྲུང་ནི། །ཞེས་སོགས་ཀྱིས་བསྟོད། ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །ཞེས་པ་ནས། རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཞེས་པའི་བར་གྱིས་འཕྲིན་ལས་འཆོལ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero