Making prayers
དེ་ལྟར་ཁྲོ་བོའི་དབང་པོ་གཤིན་རྗེ་གཤེད། །ཅེས་པ་ནས། འགྲོ་བ་མ་ལུས་བདེ་བླག་འགོད་པར་ཤོག །ཅེས་པའི་བར། ཞང་ཞུང་ཆོས་དབང་གྲགས་པས་མཛད་པ་འདི་ཉིད་གདོན་ཅིང་། ཚིག་དོན་ནི། དེ་ལྟར་ཅེས་པ་ནས། བདུད་རྩིའི་གཏེར་གྱིས་བདག་རྒྱུད་གང་བར་ཤོག །ཅེས་པའི་བར་གྱི་དོན། རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་བརྟན་པའི་འཁོར་ལོ་ཕྱི་ནང་གསང་བའི་གཤིན་རྗེ་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་དུ། ཁྲོ་བོའི་སྐུར་བསྟན་པ་འདི་ཉིད་ཀྱི་རྟེན་དང་བརྟེན་པའི་ལྷའི་འཁོར་ལོ་སྒོམ་ཚུལ་སྒྲུབ་ཐབས་དངོས་གཞིའི་སྐབས་སུ་བཤད་པ་དེ་ལྟར་གསལ་ཞིང་དྭངས་པའི་མེ་ལོང་གི་ནང་དུ་དབང་པོའི་གཞུ་སྟེ་འཇའ་ཚོན་ཤར་བ་བཞིན་དུ། རྣལ་འབྱོར་པ་རང་གི་བློ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ངོ་བོར་སོང་བ་དེ། ཡུལ་སྟོང་པ་ཉིད་དང་ཡུལ་ཡུལ་ཅན་དུ་སྦྱར་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཐ་མལ་གྱི་སྣང་ཞེན་དང་
བྲལ་བར་གསལ་ཞིང་། གསལ་སྣང་ང་རྒྱལ་གྱི་ཏིང་འཛིན་བརྟན་པོའི་ངང་ནས་ཞི་དྲག་གི་བཟླས་པ་སོགས་ལ་རྩེ་གཅིག་ཏུ་འབད་པའི་དགེ་ཚོགས་ཡན་ལག་བརྒྱད་ལྡན་གྱི་གང་གཱའི་ཆུའི་གཟུགས་སུ་བཀོད་དེ། དེ་དག་དང་མཁའ་མཉམ་འགྲོ་བ་ཀུན་གྱི་རྣམ་པར་དཀར་བའི་ལེགས་ཚོགས་མ་ལུས་པ་ཉལ་འགྲོ་སྟེ་ཆུའི་གཟུགས་སུ་བཀོད་པ་རྣམས་ཕྱོགས་གཅིག་ཏུ་བསྡོམ་པའི་མཐུ་ལ་བརྟེན་ནས། འཁོར་བ་མཐའ་དག་མེ་འབར་བའི་ཀློང་ལྟར་མཐོང་བའི་ཐར་ལམ་ངེས་འབྱུང་གི་བསམ་པ་དང་། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། དེས་ཀུན་ནས་བསླངས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རྣམས། རང་རྒྱུད་སྨིན་པའི་དབང་དུ་བྱས་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་གཉིས་དང་། གཞན་རྒྱུད་སྨིན་པའི་དབང་དུ་བྱས་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དུ་འདུ་བས། དེ་ལྟར་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་གྱི་ལམ་ཐུན་མོང་བའི་རིམ་པ་འཆི་བ་མེད་པའི་བདུད་རྩི་ལྟ་བུས་བདག་གི་རྒྱུད་གང་བ་སྟེ་རང་རྒྱུད་ལ་བཅོས་མིན་སྐྱེ་བར་གྱུར་ཅིག་ཅེས་པའི་དོན་དང་།
དེ་ནས་བུམ་དབང་ལྷ་ཡི་ཆུ་བོས་ཐ་མལ་གྱི། །ཞེས་པ་ནས། ཟུང་འཇུག་གནས་ལུགས་མངོན་དུ་འགྱུར་བར་ཤོག །ཅེས་པའི་བར་གྱི་དོན་ནི། རྡོ་རྗེ་སློབ་དཔོན་གང་ལས་བརྒྱུད་པའི་བླ་མའི་མན་ངག་དང་ལྡན་པ། དབང་བསྐུར་རྣམ་པར་དག་པ་ཐོབ་པ། དེ་ཉིད་བཅུ་ཤེས་ཤིང་དབང་བསྐུར་གྱི་ཆོ་ག་ལ་མཁས་པའི་མཚན་ཉིད་དང་ལྡན་པའི་དྲུང་དུ་དབང་བཞི་རྣམ་པར་དག་པ་ཐོབ་དགོས་པས། དེ་ཡང་རྗེ་བླ་མས། བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་ལུས་ཀྱི་དྲི་མ་བཀྲུས། །གསང་དབང་ཡེ་ཤེས་བདུད་རྩི་མྱང་བ་ཡིས། །ངག་གནས་རླུང་གི་རྒྱུ་བ་སྔགས་སུ་ཤར། །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུས་ཡིས། །ཡིད་ཀྱི་སྐྱེས་བུ་དོན་དམ་དབྱིངས་སུ་དྲངས། །བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་བསྐྱེལ་སའི་གནད་ལ་ཐེ་ཚོམ་བཅད། །དབང་བཞིའི་གནད་དོན་ཚུལ་བཞིན་ངེས་པ་ལས། །མཆོག་ཏུ་གྱུར་པའི་གདམས་པ་ཡོད་མིན་ཞེས། །རང་གི་རྟོགས་པ་གླུ་རུ་བླངས་པ་འདི། །བླ་མ་རྣམས་དང་འཇམ་དཔལ་དབྱངས་ལ་འབུལ། །ཞེས་གསུངས་པ་ལྟར། མི་བསྐྱོད་པ་ཆུའི་དབང་སོགས་རིག་པ་ཡེ་ཤེས་ལྔའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པའི་བུམ་དབང་རྣམ་པར་དག་པ་ལྷ་ཡི་ཆུ་བོའི་རྒྱུན་གྱིས། སྲོག་གཅོད་
པ་སོགས་དང་། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་སྦྱངས་ཏེ། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་དང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་། དེ་ནས་དབང་གོང་མ་གསུམ་གྱི་གསང་དབང་གི་སྐབས་སུ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་བདེ་བ་ལས་བྱུང་བའི་ཁམས་དཀར་དམར་གྱི་བདུད་རྩི་ལྕེ་ཐོག་ཏུ་མྱང་བ་ལས་སྒྱུ་ལུས་ཀྱི་སྒྲུབ་བྱེད་རྩ་ཐིག་རླུང་གསུམ་བྱིན་གྱིས་བརླབས་ཏེ། རྫུན་སོགས་དང་། རླུང་སྔགས་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཏེ་ལམ་སྒྱུ་མའི་སྐུ་བདག་བྱིན་རླབས་བསྒོམ་པ་ལ་དབང་བ་དང་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་འཇོག་ཅིང་། དེ་རྗེས་བླ་མས་རང་ལ་མཚན་ལྡན་གྱི་རིག་མ་གཏད་དེ་རང་དང་རིག་མ་གཉིས་ཡི་དམ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ཏེ་རང་ལྷར་སྒོམ་པ་ལུས་ལྷའི་འདུ་ཤེས་དང་། རྡོ་རྗེ་པདྨའི་སྦུབས་སུ་ཕཊ་ཡིག་སྒོམ་པ་ངག་སྔགས་ཀྱི་འདུ་ཤེས་དང་། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པ་ཡིད་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་དགའ་བཞི་རིམ་པར་དྲངས་ཏེ། བཞི་པ་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཤེས་དབང་གི་ངོ་བོ་ཐོབ་པ་ལ་བརྟེན་ནས་བརྣབ་སེམས་སོགས་དང་། གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་གེགས་བྱེད་ཀྱི་དྲི་མ་སྦྱངས། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་བཞག །
དབང་བཞི་པའི་སྐབས་སུ་དབང་གསུམ་པ་དཔེར་བླངས་ཏེ། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང་། ཐུགས་ལྷན་ཅིག་སྐྱེས་པའི་དགའ་བས་སྟོང་པ་ཉིད་ངེས་པར་ཟུང་དུ་འབྲེལ་བའི་ཁ་སྦྱོར་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པ་ཡིན་ནོ་ཞེས་ཚིག་གིས་བརྡ་སྤྲད་པ་ལ་བརྟེན་ནས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའི་དོན་དང་། དེ་ཚེ་བླ་མ་ལྷར་བཅས་སྤྱན་སྔ་རུ། །ཞེས་པ་ནས། སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །ཅེས་པའི་དོན་ནི། བླ་མའི་སྤྱན་སྔར་དབང་བཞི་རྣམ་པར་དག་པ་ཐོབ་ནས་ཇི་ལྟར་ཁས་བླངས་པའི་དམ་ཚིག་དང་། སྡོམ་པ་ཚུལ་བཞིན་བསྲུང་དགོས་ཤིང་། མ་བསྲུང་ན་ས་གཞི་བརླན་དང་བཅས་པའི་སྟེང་དུ་མཁར་བརྩིགས་པ་ལྟར་དངོས་གྲུབ་མི་འགྲུབ་ཅིང་། ཚུལ་བཞིན་དུ་བསྲུངས་ན་མཆོག་ཐུན་མོང་གི་དངོས་གྲུབ་དཀའ་ཚེགས་མེད་པར་འགྲུབ་པས་ན། རྒྱལ་བ་རྡོ་རྗེ་འཆང་གིས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་མཆོག་འགྲུབ་པར་གསུངས་པའི་ཕྱིར། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཞིར་བཞག་སྟེ། རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་རང་སྲོག་དང་བསྡོས་ཏེ་དུས་རྟག་ཏུ་བསྲུང་ནུས་པར་ཤོག་ཅེས་པའི་དོན་དང་།
རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་སྨིན་བྱེད་ལམ། ཞེས་པ་ནས། བསྟེན་པས་ཐ་མལ་སྣང་ཞེན་ཚར་གཅོད་ཤོག །ཅེས་པའི་དོན་ནི། རྫོགས་རིམ་རྣམ་བཞིའི་གྲོལ་བྱེད་ཀྱི་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་སྨིན་བྱེད་ཀྱི་ལམ་རགས་པ་དང་ཕྲ་བའི་རྣལ་འབྱོར་ཐུན་བཞིའི་རིམ་པས་རྒྱུན་མི་འཆད་དུ་བསྒོམ་དགོས་ཏེ། དཔེར་ན་གཙུབ་ཤིང་གཙུབ་པ་ན་བར་དུ་ངལ་མ་གསོས་པར་གཙུབས་པས་མེ་འབྱུང་བ་ལྟར་རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས་བརྩོན་པ་ཤུགས་དྲག་བསྐྱེད་དེ་བསྒོམས་པས་ཐ་མལ་གྱི་
སྣང་ཞེན་ཚར་བཅད་དེ་བསྐྱེད་པའི་རིམ་པ་ཕྲ་རགས་མ་ལུས་པ་མཐར་ཕྱིན་པར་ཤོག་ཅེས་པའི་དོན་དང་།
དཔའ་བོ་མཆོག་གི་ཐུགས་ཀའི་འོད་ཕུང་གིས། །ཞེས་པ་ནས། བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །ཅེས་པའི་བར་གྱི་དོན་ནི། དཔའ་བོ་མཆོག་སྟེ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་ལ་གནས་པའི་ཐུགས་ཀའི་ཡེ་ཤེས་ལྔའི་རང་བཞིན་གྱི་ཧཱུཾ་ཡིག་ལས་འོད་ཀྱི་ཕུང་པོ་དཔག་ཏུ་མེད་པ་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་ལྷའི་རྣམ་པར་སྤྱན་དྲངས་ཏེ། དབང་དུ་བྱས་པའི་ཚུལ་གྱིས་མདུན་གྱི་ནམ་མཁར་བཀོད་དེ་བླ་མ་དང་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རང་གི་ཐུགས་ཀ་ནས་མཆོད་ལྷ་སྤྲོས་ཏེ། བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་མཆོད་རྫས་སོ་སོའི་རྣམ་པར་ཤར་བ་དང་། སྒྲུབ་པའི་མཆོད་པ་ཕུལ་བས་བསོད་ནམས་ཀྱི་ཚོགས་རླབས་ཆེན་རྫོགས་པར་ཤོག་ཅིག་ཅེས་པའི་དོན་དང་།
དྲི་མེད་རིགས་པས་དཔྱད་ནས་སྔགས་ཀྱི་དོན། །ཞེས་པ་ནས། ཡེ་ཤེས་བླ་མེད་གོམ་པར་བྱེད་པར་ཤོག །ཅེས་པའི་བར་གྱི་དོན་རིམ་པ་དང་པོའི་ལམ་གྱི་སྙིང་པོའི་སྐུ་གསུམ་ལམ་ཁྱེར་གྱི་ནང་ནས་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་བསྒོམ་ཚུལ་དང་འབྲེལ་བའི་སྨོན་ཚིག་ཡིན་པས་རྒྱས་པར་སྒྲུབ་ཐབས་དངོས་གཞིའི་སྐབས་སུ་སོང་ཟིན་ཅིང་། འདིར་ཚིག་དོན་ཙམ་ནི་སྔགས་གཉིས་ཀྱི་དོན་ལྟར་རང་དང་ཚོགས་ཞིང་གི་ལྷ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་འཇོག་བྱེད་ཀྱི་བློ་དང་། རྒྱུ་རྐྱེན་སོགས་ལ་བརྟེན་ནས་བཞག་པ་ཙམ་མ་གཏོགས། དེ་དག་གང་ལའང་མ་བརྟེན་པར་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། རྟག་ཆད་ཀྱི་མཐའ་བཞི་དང་བྲལ་བ་བདག་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་དོན་དྲི་མ་མེད་པའི་རིགས་པས་དཔྱད་དེ་བློ་ཡུལ་དུ་ངེས་པར་བྱས་ནས་ཡུལ་སྟོང་པ་ཉིད་དེ་དང་རྣལ་འབྱོར་པ་རང་གི་བློ་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་རོ་གཅིག་ཏུ་བཞུགས་པའི་འོད་གསལ་ཆོས་ཀྱི་སྐུ་འབྲས་དུས་ཀྱི་ཆོས་སྐུ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་ཤུགས་ཅན་བསྐྱེད་དེ་གོམ་པར་བྱེད་པར་ཤོག་ཅིག་ཅེས་པའི་དོན་དང་།
རབ་འབར་དྲག་པོའི་འཁོར་ལོ་ལ་གནས་པའི། །ཞེས་པ་ནས། རྩད་ནས་འབྱིན་པའི་མཐུ་དང་ལྡན་པར་ཤོག །ཅེས་པའི་བར་གྱི་དོན་ནི། དྲག་པོའི་འཁོར་ལོ་སྟེ། བྷྲཱུཾ་ཡིག་ལས་བྱུང་བའི་བཀའི་འཁོར་ལོ་རྩིབས་བཅུ་པ་རབ་ཏུ་འབར་བའི་དབུས་སུ་རང་ཉིད་གནོད་མཛེས་རྒྱལ་པོའི་ང་རྒྱལ་ལ་གནས་པའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དང་སྟེང་འོག་གཉིས་དང་བཅུའི་གནས་སུ། ཆོས་སུ་ཤེས་པ་ཤེས་པ་དང་། རྗེས་སུ་ཤེས་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། གཞན་སེམས་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་བཅུའི་ངོ་བོ། གཏུམ་ཞིང་དྲག་ལ་བཟོད་པར་དཀའ་བའི་དྲག་ཤུལ་དང་ལྡན་པའི་སྟོབས་ཆེན་ཁྲོ་བོ་བཅུའི་རྣམ་པར་ཤར་བའི་ཏིང་ངེ་འཛིན་བརྟན་པོས། སྒྲུབ་པ་པོས་ལམ་བཟང་ཚུལ་བཞིན་དུ་སྒྲུབ་པ་ལ་བར་དུ་གཅོད་པའི་ནག་ཕྱོགས་བདུད་དཔུང་རྩ་ལག་སྡེ་དང་བཅས་རྩད་ནས་འབྱིན་པ་སྟེ་མིང་གི་ལྷག་མར་བརླག་ནུས་པའི་མཐུ་སྟོབས་འགྲན་ཟླ་དང་བྲལ་བར་ཤོག་ཅིག་ཅེས་པའི་དོན་དང་།
ཤུགས་དྲག་འཁོར་ལོའི་ལྟེ་བར་ཡེ་ཤེས་ཀྱི། །ཞེས་པ་ནས། བསྒོམས་པས་རྒྱལ་བའི་ཞིང་མཆོག་འགྲུབ་པར་ཤོག །ཅེས་པའི་བར་གྱི་དོན་ནི། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ནང་དུ་སྟོབས་ཆེན་ཁྲོ་བོ་བཅུའི་བསྲུང་བའི་འཁོར་ལོ་ཤུགས་དྲག་གི་ལྟེ་བར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྲིད་ཞིའི་ངོ་མཚར་གྱི་མཛེས་སྡུག་གི་སྙིང་པོ་མཐའ་དག་གཅིག་ཏུ་སྤུངས་པ་ལྟ་བུའི་གཞལ་མེད་ཁང་རྒྱན་གྱི་ནོར་བུ་རེ་རེའི་འོད་ཀྱིས་ཀྱང་སྟོང་གསུམ་ཟིལ་གྱིས་གནོན་པར་ནུས་པའི་འོད་ཆགས་པ་སྟེ་གཟི་བརྗིད་དང་ལྡན་ཞིང་མིག་གི་བདུད་རྩིར་གྱུར་པའི་རྣམ་པ་རྩེ་གཅིག་ཏུ་བསྒོམས་པས་འབྲས་དུས་ཀྱི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་མཆོག་རྒྱལ་བའི་ཕོ་བྲང་མྱུར་དུ་འགྲུབ་པར་ཤོག་ཅིག་ཅེས་པའི་དོན་དང་།ཕོ་བྲང་དབུས་སུ་གཡོ་བའི་དཀྱིལ་འཁོར་ལ། །ཞེས་པ་ནས། བར་དོའི་དྲི་བྲལ་ལོངས་སྐུ་ཐོབ་པར་ཤོག །ཅེས་པའི་བར་གྱི་དོན་ནི། གཞལ་ཡས་ཁང་གི་དབུས་སུ་གཡོ་བ་སྟེ་རླུང་གི་དཀྱིལ་འཁོར་མེ་རླུང་འདྲེས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཞབས་སེན་ཟངས་མདོག་ལྟར་དམར་བའི་འོད་ཆགས་པའི་རྡོ་རྗེ་སྐྱིལ་ཀྲུང་གི་ཚུལ་གྱིས་བཞུགས་པའི་འཇམ་དཔལ་གཞོན་ནུར་གྱུར་པར་མཚན་དཔེའི་སྐུ་མཆོག་བལྟ་བས་ཆོག་མི་ཤེས་པའི་སྐུའི་རྣམ་པ་རྩེ་གཅིག་ཏུ་བསྒོམས་པས། གཞིའི་བར་དོའི་སྐྱོན་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཐོབ་བྱ་མཐར་ཐུག་པའི་རྒྱལ་བའི་ལོངས་སྤྱོད་རྫོགས་པའི་སྐུར་མྱུར་དུ་འགྲུབ་པར་ཤོག་ཅིག་ཅེས་པའི་དོན་དང་།
རྣམ་རྟོག་ཕུང་པོ་སྲེག་པའི་ཉིན་མོར་བྱེད། །ཞེས་པ་ནས། སྤྲུལ་སྐུ་མཆོག་གི་གར་གྱིས་རོལ་པར་ཤོག །ཅེས་པའི་བར་གྱི་དོན་ནི། རྣམ་རྟོག་གི་ཕུང་པོ་སྟེ་བཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་རྣམ་རྟོག་ཐམས་ཅད་སྲེག་པ་སྟེ་སྦྱོང་བའི་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་དཀྱིལ་དང་། ཡེ་ཤེས་ལྔའི་རང་བཞིན་གྱི་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཡེ་ཤེས་ལྔའི་རང་བཞིན་གྱི་ཧཱུཾ་ཡིག་གིས་མཚན་པའི་ཟླ་ཉི་རྡོ་རྗེ་ཧཱུཾ་དང་བཅས་པ་ལས་ཡོངས་སུ་གྲུབ་པའི་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་ཞལ་ཕྱག་ཡོངས་སུ་རྫོགས་པའི་རྣལ་འབྱོ ར་ཕྲ་རགས་རྩེ་གཅིག་ཏུ་བསྒོམས་པས། ལས་ཉོན་གྱི་དབང་གིས་རང་དབང་མེད་པར་ཉིང་མཚམས་སྦྱོར་བའི་དྲི་མ་མཐའ་དག་སྤངས་ཏེ་འགྲོ་བའི་བློ་ངོ་དང་འཚམ་པའི་སྤྲུལ་བསྒྱུར་གྱི་བཀོད་པ་མཐའ་ཡས་པའི་རྣམ་པར་རོལ་བ་སྟོན་ནུས་པར་ཤོག་ཅིག་ཅེས་པའི་དོན་དང་།
ཐུབ་པའི་གསུང་རབ་མ་ལུས་བསྡུས་པ་ནི། །ཞེས་པ་ནས། རྫོགས་རིམ་རྟོགས་པ་མཆོག་རྣམས་སྐྱེ་བར་ཤོག །ཅེས་པའི་བར་གྱི་དོན་ནི། མཉམ་མེད་ཐུབ་པའི་དབང་པོས་གདུལ་བྱ་རང་རང་གི་བློ་དང་འཚམ་པའི་ཆོས་གསུང་རབ་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་གསུང་རབ་ཡན་ལག་བཅུ་གཉིས་སམ་དགུར་འདུས་ཤིང་། དེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་གཙོ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འབྲེལ་བའི་གྲོལ་བྱེད་རྫོགས་པའི་རིམ་པའི་རྟོགས་པ་མཆོག་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བར་ཤོག་ཅིག་ཅེས་པའི་དོན་དང་།
རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་ཡི། །ཞེས་པ་ནས། མཉམ་པར་སྦྱོར་བའི་ཏིང་འཛིན་རྫོགས་པར་ཤོག །ཅེས་པའི་བར་གྱི་དོན་ནི། སྤྱིར་སྔགས་བླ་མེད་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་རོ་རྐྱང་གི་རླུང་དྷཱུ་ཏིར་ཞུགས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ནུས་པ་ཞིག་དགོས་པས། རང་རེ་འཛམ་བུ་གླིང་པའི་མངལ་སྐྱེས་འབྱུང་བཞི་དང་རྩ་དང་ཐིག་ལེ་སྟེ་ཁམས་དྲུག་ལྡན་ཟབ་མོའི་ལམ་དེ་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ཡིན་པས་ན། རང་ཡི་དམ་གྱི་ལྷར་བསྒོམས་པའི་རྡོ་རྗེ་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་བཏབ་པའི་གནས་རྣམས་སུ་གནད་དུ་བསྣུན་དགོས་པས། ཐོག་མར་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དབུ་མའི་ནང་དུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཡུམ་བཅས་ཚོན་གང་བ་བསྒོམས་པའི་ཐུགས་ཀར་ཧཱུཾ་ཡིག་དཀར་པོ་ཡུངས་དཀར་གྱི་འབྲུ་ཚད་ཙམ་ཞིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་སྟེ་རིམ་གྱིས་ཡས་བབས་དང་མས་བརྟན་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་ཏེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་སྟོང་ཉིད་བཅུ་དྲུག་ཡུལ་ཡུལ་ཅན་དུ་སྦྱར་བའི་ཏིང་ངེ་འཛིན་བརྟན་པོ་བསྐྱེད་དགོས་ཤིང་། དེ་ལ་བརྟེན་ནས་སད་དུས་ཀྱི་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ ་བ་རྣམ་པ་གསུམ་དང་། དེ་བཞིན་དུ་གཉིད་དུས་
དང་འཆི་དུས་ཀྱི་བསྲེ ་བ་སྐོར་གསུམ་ལ་སློ བ་དགོས་ཤིང་། ཡང་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་པའི་ཧཱུཾ་ཡིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་སྟེང་འོག་གི་རླུང་དབུ་མའི་ནང་ནས་དྲངས་ཏེ་ཁ་སྦྱོར་བུམ་པ་ཅན་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་ལ་བརྟེན་ནས་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་ཤར་ཏེ། འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱོར་བ་དང་། ཡང་སྙིང་གའི་ཧཱུཾ་ཡིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་རླུང་གི་འབྱུང་འཇུག་ལྡང་གསུམ་ཡི་གེ་གསུམ་གྱི་གདངས་སུ་མོས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང། ཐིམ་པའི་རྟགས་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་ཤར་ཏེ་འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པའི་ཏིང་ངེ་འཛིན་བརྟན་པོ་ཡོངས་རྫོགས་སྐྱེ་བར་ཤོག་ཅེས་པའི་དོན་དང་།
དེ་ཡི་ཐབས་མཆོག་དཔལ་ལྡན་སྒྱུ་མའི་སྐུ། །ཞེས་པ་ནས། འཁྲུལ་མེད་སྨིག་རྒྱུའི་རྟགས་སོགས་འཆར་བར་ཤོག །ཅེས་པའི་བར་གྱི་དོན་ནི། གང་ཐོབ་ན་ཚེ་དེ་ཉིད་ལ་ཟུང་འཇུག་གི་སྐུ་འགྲུབ་པར་ངེས་ཤིང་། འབྲས་བུ་སྐུ་གསུམ་གྱི་དཔལ་དང་ལྡན་པའི་སྒྱུ་མའི་སྐུ། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆ། དྲི་ཟའི་གྲོང་ཁྱེར། འཇའ་ཚོན། གློག །མིག་འཕྲུལ། ཆུ་བུར། གཟུགས་བརྙན་ཏེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་ལུས་གང་ལ་བརྟེན་ནས་སྒྲུབ་པའི་ཐབས་ཀྱི་མཆོག་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་གསུམ་འདྲེན་བྱེད་ཀྱི་རླུང་དྷཱུ་ཏིར་ཐིམ་པའི་འཁྲུལ་མེད་ཀྱི་རྟགས་སྔར་བཤད་ཟིན་པ་ལྟར་འཆར་བར་ཤོག་ཅིག་ཅེས་པའི་དོན་དང་།
ཆུ་གཏེར་དབུས་ནས་ཆུ་བུར་རྡོལ་བ་བཞིན། །ཞེས་པ་ནས་མཚན་དཔེས་བརྒྱན་པའི་མཛེས་པར་ལྡང་བར་ཤོག །ཅེས་པའི་བར་གྱི་དོན་ནི།
རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་རྗེས་སུ་མཐུན་པ་སྟེ་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་ལས་ཆོས་གཞན་གྱིས་བར་མ་ཆོད་པར་ཆུ་གཏེར་གྱི་དབུས་ནས་ཆུ་བུར་རྡོལ་བ་བཞིན་དུ་དབྱིབས་ཀྱི་རྣལ་འབྱོར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་སྐུ་དང་རྗེས་སུ་མཐུན་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མཛེས་ཤིང་ལྟ་ན་སྡུག་པའི་སྒྱུ་མའི་སྐུར་ལྡང་ནུས་པར་ཤོག་ཅིག་ཅེས་པའི་དོན་དང་།
སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཞེས་པ་ནས། རྣམ་དག་སློབ་པའི་ཟུང་འཇུག་ཐོབ་པར་ཤོག །ཅེས་པའི་བར་གྱི་དོན་ནི། སྒྱུ་ལུས་པ་དེ་འོད་གསལ་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ་ཉོན་མོངས་པའི་སྒྲིབ་པ་སངས་ཏེ། འོད་གསལ་དེ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དག་པའི་སྒྱུ་མའི་སྐུ་མངོན་དུ་བྱེད་ཅིང་། དེ་ལྟ་བུའི་སྒྱུ་ལུས་པ་དེ་ནི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལས། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ ་རྗེ་འབར་བའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དག་པའི་བདག་ཉིད་སྣང་བར་འགྱུར། །ཅེས་གསུངས་པ་ལྟར་གྱི་སྒྱུ་མའི་སྐུ་གྲུབ་སྟེ་སྒྱུ་ལུས་པ་དེ་སླར་ཡང་འོད་གསལ་ལ་མཉམ་པར་བཞག་སྟེ། སྐུ་དག་པ་སྒྱུ་མའི་སྐུ་དང་། ཐུགས་དག་པ་དོན་གྱི་འོད་གསལ་གཉིས་སྐུ་དང་ཐུགས་སུ་རོ་གཅིག་ཏུ་ཞུགས་པའི་སློབ་པའི་ཟུང་འཇུག་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་དང་།
ལྷན་སྐྱེས་མཆོག་དེ་གོམས་པ་མཐར་ཕྱིན་ནས། །ཞེས་པ་ནས། རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་པར་ཤོག །ཅེས་པའི་བར་གྱི་དོན་ནི། རྣལ་འབྱོར་པ་རང་གིས་ཕྱིའི་རྐྱེན་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དང་། ནང་གི་རྐྱེན་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ལྷན་སྐྱེས་ཀྱི་བདེ་ཆེན་ལ་གོམས་པ་མཐར་ཕྱིན་ཏེ་འོད་གསལ་སྐད་ཅིག་དང་པོས་ཤེས་སྒྲིབ་ཀྱི་དངོས་གཉེན་དང་། སྐད་ཅིག་གཉིས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉིས་སྣང་འཁྲུལ་བའི་བག་ཆགས་ཕྲ་མོ་ཟད་པར་སྤངས་ཏེ་སློབ་པའི་ཟུང་འཇུག་གི་རིགས་འདྲ་ཕྱི་མ་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་ཏེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་སྒོམ་བློ་ཆེན་གྱིས་ཀྱང་བསྔགས། །ཞེས་གསུངས་པ་ལྟར། མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ཡན་ལག་དང་། རང་སྣང་གི་ལྷ་མོ་དང་མཉམ་པར་སྦྱོར་བའི་ཁ་སྦྱོར་གྱི་ཡན་ལག་དང་། གྱ་ནོམ་པ་དང་། ཟག་པ་མེད་པ་དང་། འཁོར་བ་ཇི་སྲིད་པའི་བདེ་བ་སྟེ་བདེ་བ་ཆེན་པོའི་ཡན་ལག་དང་། ནམ་མཁའི་པདྨོ་ལྟར་ཡེ་མེད་ཀྱི་སྟོང་པ་མ་ཡིན། བུམ་པ་བདེན་སྟོང་ལྟར་ཐབས་དང་བྲལ་བའི་སྟོང་པ་མ་ཡིན་པའི་རང་བཞིན་མེད་པའི་ཡན་ལག་དང་། དམིགས་པ་མེད་པའི་བརྩེ་བ་ཆེན་པོས་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་དང་། སྲིད་ཞིའི་མཐའ་ལ་མི་གནས་པས་རྒྱུན་མི་འཆད་པའི་ཡན་ལག་དང་། སྐུ་གཅིག་པུ་དེའི་རྣམ་པ་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པར་བཞུགས་པའི་འགོག་པ་མེད་པའི་ཡན་ལག་བདུན་དང་ལྡན་པའི་གོ་འཕང་
མངོན་དུ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་མཐའ་དག་གཅིག་ཆར་དུ་མངོན་སུམ་དུ་གཟིགས་ཤིང་སྤྲུལ་སྐུ་བྱེ་བ་ཐེར་འབུམ་དུས་གཅིག་ཆར་དུ་འགྱེད་པ་སྟེ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་རྡོ་རྗེ་འཆང་སྙིགས་དུས་ཀྱི་ཚེ་ཐུང་འདི་ཉིད་ལ་ཐོབ་པར་ཤོག་ཅིག་ཅེས་པའི་དོན་དང་།
རྨད་བྱུང་ལམ་འདི་རང་ཉིད་གཅིག་པུས་ཀྱང་། །ཞེས་པ་ནས། འགྲོ་བ་མ་ལུས་བདེ་བླག་འགོད་པར་ཤོག །ཅེས་པའི་བར་གྱི་དོན་ནི། མཉམ་མེད་རྗེ་བཙུན་ཙོང་ཁ་པ་ཆེན་པོས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཞེས་གསུངས་པ་ལྟར། ཕར་ཕྱིན་ཐེག་པ་ལས་ཀྱང་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་ཤིང་། ངོ་མཚར་རྨད་
དུ་བྱུང་བའི་སྨིན་གྲོལ་གྱི་ཟབ་ལམ་འདི་ཉིད་རང་ཉིད་གཅིག་པུས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དབྱར་གྱི་དཔལ་མོ་དང་འགྲོགས་པའི་ཆུ་གཏེར་བཞིན་དུ་ནམ་ཡང་མི་ནུབ་ཅིང་རྒྱས་པར་བྱེད་པ་དང་། རྙེད་པར་དཀའ་བའི་ལམ་བཟང་འདི་ཉིད་ཀྱིས་མཁའ་མཉམ་གྱི་འགྲོ་བ་མཐའ་དག་སྲིད་ཞིའི་འཇིགས་པ་ལས་བསྒྲལ་ཏེ་རྡོ་རྗེ་འཆང་གི་གོ་འཕང་ལ་བདེ་བླག་ཏུ་འགོད་ནུས་པར་ཤོག་ཅིག་ཅེས་པའི་དོན་ཏོ།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero