How to summon the wisdom beings, bestow empowerment, and sealing

Inviting and entering of the wisdom beings ཡེ་ཤེས་པ་སྤྱན་དྲངས་ཏེ་གཞུག་ཚུལ།

ལཱ་ལི་ཏས། དེ་ནས་བློ་དང་ལྡན་པ་ཡིས། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ནི། །སྤྱན་དྲངས་ཡོན་ཆབ་ལ་སོགས་པས། །རིམ་བཞིན་མཆོད་པས་མཉེས་པར་བྱ། །ཞེས་གསུངས་པ་ལྟར། ༀ་ཧྲཱིཿ ཧ་བྷོ་ཞེས་སོགས་ཀྱི་སྔགས་བརྗོད་ཅིང་དོན་འོག་ཏུ་འཆད་ལ། ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། ཧྲཱིཿ ཥྚྲཱིཿ སྔགས་བརྗོད་ལ། དེ་ལྟར་སྤྱན་དྲངས་ཏེ་བྱོན་པའི་ཚེ། རང་གི་སྣ་བུག་ནས་ཁྲོ་བོའི་ཚོགས་དྲག་ཅིང་རྔམ་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཡེ་ཤེས་པའི་ཕྱི་འབྲང་གི་བགེགས་བསྐྲད་པར་བསམ། དེ་ཡང་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་གར་བཞུགས་ནས་སྤྱན་དྲངས་པ་ཡིན་པས་ཕྱི་འབྲང་གི་བགེགས་འཇུག་པའི་དོགས་པ་ཡོད་ལ། དབང་ལྷ་སྤྱན་འདྲེན་གྱི་ཚེ་འོག་མིན་ནས་སྤྱན་དྲངས་པ་ཡིན་པས་ཕྱི་འབྲང་གི་བགེགས་བསྐྲད་མི་དགོས་པ་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་
པ་ནས་གསུངས་སོ། །

དེ་ནས་ནམ་མཁར་བཞུགས་པ་དེ་ལ་ༀ་ཧྲཱིཿ ཥྚྲཱིཿ ཧ་ཞེས་པ་ནས་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། ༀ་མུངྒ་ར་ཛཿ ཞེས་བརྗོད་པའི་སྐབས་སུ་ཡེ་ཤེས་པ་དམ་ཚིག་པའི་སྤྱི་བོར་བྱོན། ༀ་དཎྜ་ཧཱུཾ་གི་སྐབས་སུ་ཡེ་ཤེས་པ་དམ་ཚིག་པ་ལ་གཞུག་ཅིང་མ་འདྲེས་པར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམ། ༀ་པདྨ་བཾ་གྱི་སྐབས་སུ་དམ་ཚིག་པ་ལ་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསྒོམ། ༀ་ཁངྒ་ཧོཿ ཞེས་བརྗོད་པའི་སྐབས་སུ་ཡེ་ཤེས་པ་དམ་ཚིག་པ་ལ་མི་དགྱེས་པ་མེད་
པར་བཞུགས་ཤིང་དམ་ཚིག་པས་ཡེ་ཤེས་པ་དབང་དུ་བྱས་པར་བསམ་ལ།
དེ་ཡང་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་ཀྱི་སྤྱན་དང་ཤངས་དང་ཕྱག་ཞབས་ཀྱི་སེན་མོ་སོགས་ཀྱི་རྡུལ་ཕྲ་རབ་ཚུན་ཆད་ཀྱང་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་དང་། ཕྱིའི་རྡོ་རྭ་མེ་རི་དུར་ཁྲོད་ཀྱི་བར་དུ་ཡང་ཡེ་ཤེས་པ་བསྟིམས་ནས་འདྲེས་པའི་མོས་པ་བྱ། དེ་ལྟར་ཡེ་ཤེས་པ་གཞུག་པའི་དགོས་པ་ནི་ཇོ་བོ་ཆེན་པོས། བདག་དང་ཡེ་ཤེས་པ་ཐ་དད་དུ་རྟོག་པ་འགོག་པ་དང་། དབྱེ ར་མེད་ཀྱི་ང་རྒྱལ་བརྟན་པ་དང་། བྱིན་གྱིས་བརླབ་པའི་དོན་དུ་ཡིན་པར་གསུངས་སོ།

Bestowing empowerment and sealing དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ།

ༀ་ཧྲཱིཿ ཧ་བྷོ་ཞེས་པ་ནས་ཀུ་རུ་སྭཱཧཱ། ཞེས་པའི་བར་གྱི་སྔགས་དོན་ནི། ༀ་འཕྲོ ག་བྱེད་རྨད་བྱུང་ཁྲོ་ཆེན་ཀྱཻ། །ཚུར་གཤེགས་ཚུར་གཤེགས་བདག་ལས་ནི། །སོ་སོར་མཆོད་པ་བཞེས་ནས་སུ། །བདག་ལ་གསལ་བའི་བློ་ལྡན་མཛོད། །ཞེས་པའི་དོན་ཡིན་ཞིང་དེ་ཡང་། ༀ་བཀྲ་ཤིས་པ་སོགས་ཀྱི་དོན། ཧྲཱིཿ འཕྲོག་བྱེད། ཧ་བྷོ ་ཀྱཻ་ཁྱོད། མཧཱ་ཆེན་པོ། ཀྲོ ་དྷ་ཁྲོ་བོ། ཨ་གཙྪ་ཨ་གཙྪ་ཚུར་གཤེགས་ཚུར་གཤེགས། ཨཱསྨ་ད་བདག །པཱུ་ཛ་མཆོད་པ། པྲ་ཏཱི་སོ་སོར། གྷྲིཧྣ་བཟུང་ངམ་བཞེས། པྲ་ས་ད་བཀའ་དྲིན་ནམ་གསལ་བ། མེ་བདག །དྷཱི་མཱན་བློ་ལྡན། ཀུ་རུ་མཛོད། སྭཱཧཱ་གཞི་ཚུགས་ཞེས་པའོ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ༀ་ཧྲཱིཿ ཥྚྲཱིཿ ཧ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། ཟླ་བ་ལྟར་དཀར་བའི་བུམ་པ་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིས་བཀང་བ་ཐོགས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས་ཞེས་པ་ནས་ཆུས་དབང་བསྐུར་ཞེས་པའི་བར་བརྗོད་པར་བསམ་ལ། དོན་ནི་སངས་རྒྱས་རྣམས་མཆོག་གི་སྤྲུལ་སྐུའི་རྣམ་པར་འཁྲུངས་མ་ཐག་ནམ་མཁར་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར་བ་སྐྱེས་ཙམ་ཉིད་ནས་འབྱུང་བ་དེ་བཞིན་དུ་བདག་གིས་ཀྱང་དག་
པ་དོན་དམ་པའི་ལྷ་བདེ་སྟོང་གི་ཡེ་ཤེས་ཀྱི་ལྷའི་ངོ་བོར་གྱུར་པའི་བདུད་རྩིའི་ཆུས་དབང་བསྐུར་བར་བགྱིའོ། །ཞེས་པའི་དོན་ཡིན་ལ། དེ་ལྟར་དབང་བསྐུར་བས་དབང་གི་ཆུས་ལུས་ཀྱི་ནང་ཐམས་ཅད་བཀང་། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་གཙུག་ཏུ་བླ་མའི་ངོ་བོ་རིགས་བདག་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀཱི་ལ་འཁྱུད་པས་དབུ་བརྒྱན་པར་གྱུར་པར་བསམ།

རིགས་བདག་ནི་རྡོ་རྗེ་གྲུབ་པའི་འགྲེལ་པར། མི་བསྐྱོད་ཕྱག་རྒྱ་མགོན་པོ་ཡི། །རྩ་བའི་དབུ་ལ་བསྒོམ་པར་བྱ། །ཞེས་རྩ་ཞལ་ལ་མི་བསྐྱོད་པས་རྒྱས་གདབ་པར་བཤད་དོ། །དེའི་དགོས་པ་ནི་རྒྱས་གདབ་བྱ་དང་འདེབ་བྱེད་གཉིས་རིགས་དང་རིགས་ཅན་དུ་ངོ་ཤེས་པའི་ཆེད་ཡིན་ཅིང་། དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་བསམ་མོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero