How to generate the the celestial mansion with the seat (the place where one attained enlightenment)

རང་ཉིད་གནོད་མཛེས་རྒྱལ་པོར་གསལ་བ་འོད་དུ་ལྟེམ་གྱིས་ཞུ་བ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་མངོན་རྟོགས་ལྟར་བསྐྱེད་དགོས་ཤིང་། ཕྱག་མཚན་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་རྣམས་རིམ་པ་བཞིན་རིགས་བཞིའི་ཕྱག་མཚན་ཡིན་ལ། རྡོར་སེམས་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་དཀར་པོ་ཟུར་གསུམ་པ་ནང་མཆོད་ཐོད་པའི་སྟེགས་གྱེན་དུ་བསླངས་པ་ལྟ་བུའམ། དམར་གཏོར་གྲུ་གསུམ་གྱི་ནང་བྲུས་པ་ལྟ་བུ་རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ།
དབྱིབས་ཕྱི་མ་ལྟར་ན་སྟེང་གི་ཟུར་གསུམ་རྡོ་རྭ་ལ་ཐུག་པར་བསྒོམ་དགོས། ལུགས་གཉིས་གང་ལྟར་ན་ཡང་། འོག་ཟུར་ནས་བཾ་ཡིག་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་ཁ་དོག་དཀར་སེར་དམར་ལྗང་འདབ་མ་རེ་བཞིའམ། སོ་གཉིས་སམ། བཅུ་དྲུག་པ། ལྟེ་བ་ལྗང་། གེ་སར་སེར་བ། ལུགས་ཕྱི་མ་ལྟར་ན། སྣ་ཚོགས་པདྨ་ཆོས་འབྱུང་གི་ཁ་གཅོད་ལྟ་བུའི་སྟེང་དུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཀྱང་ཆོག་ལ། འོན་ཀྱང་ཆོས་འབྱུང་གི་ནང་དུ་ཚུད་པར་བསྒོམ་པ་མཚོན་དོན་དང་མཐུན་པས་ལེགས་པར་སྣང་ཞིང་། འདབ་མའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་ཆ་ཕྲན་གྱ་བཞི། ལྟེ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་ཆ་ཕྲན་བརྒྱད་ཅུ། དེའི་སྟེང་དུ་ཧཱུཾ་སྔོན་པོ་ལས་སྣ་ཚོགས་
རྡོ་རྗེའི་རྭ་བཅུ་གཉིས་པའམ། ཉི་ཤུ་པ་གང་རུང་གི་རྭ་རྣམས་ཕྱོགས་མདོག་ལྟེ་བ་སྔོན་པོ། རྭ་རྣམས་ཀྱི་དབུས་རྭའི་རྩ་བ་ལ་ཆ་ཕྲན་གསུམ། དབུས་ཀྱི་སྦོམ་ལ་ཆ་ཕྲན་བཞི། རྩེ་མོ་ཆ་ཕྲན་གཅིག །ཕྱོགས་རྭ་རྣམས་ཀྱི་རྩ་བ་ལ་ཆ་ཕྲན་གཉིས། དབུས་ལ་གསུམ། རྭ་ཐམས་ཅད་ཀྱི་སྲིད་ལ་ཆ་ཕྲན་བཅུ་དྲུག་པ་ཀུན་འདྲ། ཕྱོགས་རྭ་རྣམས་དབུས་རྭའི་ཚངས་ཐིག་གི་སྟེང་ནས་ཕྱོགས་བཞིར་ཆ་ཕྲན་བརྒྱད་བརྒྱད་སོང་བ་ན་རྭའི་ཕྱི་འཐོན་ཞིང་དྲུག་དྲུག་སོང་བ་ནས་ནང་ཐོན་པ། རྩ་བ་ནས་ཅུང་ཟད་ཕྱིར་བཀྱེད་དེ་གུག་པའི་རྩེ་དབུས་རྭའི་རྩེ་མོ་ནས་ཆ་ཕྲན་གཉིས་ཕྱིར་བཞག་པའི་མཚམས་སུ་ཟུག་པ། ལྟེ་བའི་དབྱིབས་གྲུ་བཞི་བྲེ ་ལེབ་ཀྱི་རྣམ་པ་ཅན། རྒྱར་སྒོ་ཚད་བཅུ་གཉིས་ཡོད་དེ་ལྟེ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་སྒོ་ཚད་བཅུ་གཉིས། རྭ་ལྔ་པོ་ལ་དཔངས་སུ་སྒོ་ཚད་ལྔ། དེའི་ལྟེ་བའི་སྟེང་དུ་བྷྲཱུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ལས་རྣམ་སྣང་མངོན་རྟོགས་ལྟར་བསྐྱེད་པ་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་དགོས་ལ། ཕྱག་མཚན་གོང་དུ་བཤད་པའི་རིགས་བཞི་དང་། རྣམ་སྣང་གི་ཕྱག་མཚན་འཁོར་ལོ་སྟེ་རིགས་ལྔའི་ཕྱག་མཚན་འཛིན་པ་ཡིན་ནོ། །

སྐབས་འདིར་གཞལ་ཡས་ཁང་རྣམ་སྣང་ལས་བསྐྱེད་པ་ནི། སྔགས་བླ་མེད་ཀྱི་སྐབས་འདིར་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་སྦྱང་གཞི་མ་དག་པའི་སྣོད་བཅུད་སྦྱོངས་པའི་ཆེད་ཡིན་ལ། སྦྱང་གཞིའི་སྣོད་ཀྱི་འཇིག་རྟེན་དེ་ཡང་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོས་བསྡུས་ཤིང་། རྣམ་སྣང་དེ་གཟུགས་ཕུང་རྣམ་པར་དག་པའི་ལྷ་ཡིན་པའི་རྒྱུ་མཚན་གྱིས་སོ། །

སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་ནས་ཕྱོགས་བཞིར་ཆ་ཕྲན་བཅུ་དྲུག་རེ་སོང་བའི་མཚམས་སུ་ཕྱི་ནས་ནང་དུ་རིམ་པ་བཞིན། དཀར། སེར། དམར། ལྗང་། སྔོ་བའི་རྩིག་པ་རིམ་པ་ལྔ་སྦྲགས། ཞེང་དུ་ཆ་ཕྲན་གཅིག་གི་ལྔ་ཆ་རེ་དང་བསྡོམས་པས་ཆ་ཕྲན་གཅིག །རྩིག་པའི་དཔངས་ལ་སྒོ་ལོགས་ཀྱི་གདུང་སྟེང་དུ་ཆ་ཕྲན་གཅིག་གཞན་རྣམས་ཆ་ཕྲན་བཅུ་གསུམ། རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་དཔངས་ཆ་ཕྲན་གཅིག །ཞེང་ཆ་ཕྲན་ཕྱེད་གཉིས་པ་ལ་རིན་པོ་ཆེ་ཟུར་གསུམ། གྲུ་བཞི། ཟླ་གམ། ཟླུམ་པོ་ལ་སོགས་ཕྲ་བཏབས་ནས་མཛེས་ཤིང་ཡིད་དུ་འོང་བ། དེའི་སྟེང་དུ་གསེར་གྱི་སྐ་རགས་ཞེང་ཆ་ཕྲན་གཅིག་ཡོད་པ་བཞིས་རྩིག་པ་གར་ཡོད་སར་ཁོར་ཡུག་ཏུ་བསྐོར་བ། གསེར་གྱི་སྐ་རགས་རེ་རེ་ལ་ཡང་འོག་ཏུ་རྡོའི་སྙིང་པོའི་”ཀྭ1་བ། དེའི་སྟེང་དུ་མུ་ཏིག་དམར་པོའི་བྲེ། དེའི་སྟེང་དུ་སྤུག་གི་གཞུ། དེའི་མཆོག་མ་གཉིས་ཀྱི་སྟེང་དུ་ཤེལ་གྱི་ཀྭ་ཆུང་རེ། དེའི་སྟེང་དུ་བཻ་ཌཱུརྱའི་བྲེ། དེའི་སྟེང་དུ་དངུལ་གྱི་གཞུ་རྣམས་བརྩེགས་པའི་བྲེ་སྤུངས་ཕྱི་ནང་གཉིས་གཤིབས་བར་བར་བཀོད་པ་རྣམས་ཀྱི་སྟེང་དུ་གསེར་གྱི་སྐ་
རགས་སྣམ་བུ་ལྟ་བུ་བརྐྱངས་པས་བར་སྟོང་གི་ཁྲ་སེང་ཡོད་པ་དེ་རྣམས་ཐམས་ཅད་བསྡོམས་པའི་དཔངས་ལ་ཆ་ཕྲན་གཉིས། གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བ་དཔངས་ཞེང་གཉིས་ཀར་ཆ་ཕྲན་རེ་རེ་ཡོད་པའི་གདུང་འཁོར་ཟླུམ་པོ་ལ་ཆ་ཕྲན་གཅིག་གི་སྣམ་བུ་དྲང་པོ་བཞི་གདུང་འཁོར་ལ་བཀལ་བ་རེའུ་མིག་ཏུ་བསྣོལ་བའི་འོག་ཏུ་ཀྭ་བ་བརྒྱད་བཙུགས་པ་དེ་རྣམས་ཞེང་ཆ་ཕྲན་གཅིག་དཔངས་ཆ་བཅུ་གསུམ་བྲེ་གཞུ་ཐུང་གཞུ་རིང་དང་བཅས་པར་ཆ་ཕྲན་བཅོ་ལྔ་ཡོད་པ།
དེ་ཡང་ཤར་གྱི་ཀྭ་བ་གཉིས་དཀར་པོ་རྡུལ་ཕྲ་རབ་ཚུན་ཆད་འཁོར་ལོའི་རྣམ་པ། དེ་བཞིན་དུ་ལྷོར་རིན་པོ་ཆེ་ལས་གྲུབ་པའི་ཀྭ་བ་སེར་པོ་གཉིས། ནུབ་ཏུ་པདྨ་ལས་གྲུབ་པའི་ཀྭ་བ་དམར་པོ་གཉིས། བྱང་དུ་རལ་གྲི་ལས་གྲུབ་པའི་ཀྭ་བ་ལྗང་གུ་གཉིས། དེ་དག་གི་སྟེང་དུ་བྲེ ། གཞུ་རིང་། གཞུ་ཐུང་བསྡོམས་པའི་དཔངས་ལ་ཆ་ཕྲན་གཉིས། ཡང་ན་རྩ་ཐིག་དང་ཚངས་ཐིག་ཕྲད་མཚམས་ནས་ནང་དུ་ཆ་ཆུང་གསུམ་དང་ཚངས་ཐིག་ནས་གཡས་གཡོན་དུ་ལྔ་རེ་དོར་བའི་མཚམས་སུ་སྔར་གྱི་ཀྭ་བ་བརྒྱད་བཙུགས་པའི་སྟེང་དུ་རྡོ་རྗེའི་གདུང་རིང་བཏང་བའི་དཔངས་ལ་ཆ་ཕྲན་གཅིག་པའི་སྣེ་གསེར་རྣམ་འོག་མ་གཉིས་ལ་བཀལ་བ་གསེར་གྱི་སྐ་རགས་ཀྱི་སྟེང་ནས་ཕྱིར་ཆ་ཕྲན་ཕྱེད་གཉིས་ཐོན་པའི་སྣེ་མོར་ཆུ་སྲིན་གྱི་ཁ་ཡོད་པའི་ལྕམ་རྔམས་ཞེང་ཆ་ཕྲན་ཕྱེད་རེ་ཡོད་པ་ཕྱོགས་རེར་ཉི་ཤུ་རྩ་བརྒྱད་རེ་བཏང་བའི་ནང་སྣེ་རེའུ་མིག་གྲུ་བཞི་པའི་གདུང་ལ་བཀལ་བའི་སྣེར་གསལ་བྱེད་ཀྱི་ནོར་བུ་དགའ་འཁྱིལ་ཡོད་པ། ཟུར་ལྕམ་བཞིའི་སྣེར་ཀྭ་བ་བསེག་ཁ་བཙུགས་ཏེ་ཐོག་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱ།
ཕྱིའི་ལྕམ་སྣེའི་ཆུ་སྲིན་གྱི་ཁ་རྣམས་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དར་འཕན་ལ་སོགས་པ་འཕྱང་བ་མར་སྣ་ཕ་གུའི་སྟེང་དུ་སླེབས་པ། ལྕམ་དེའི་སྟེང་དུ་གྲལ་མ་དང་ཐོག་འདམ་རྔམས་སུ་ཆ་ཕྲན་ཕྱེད་ཡོད་པ་ཕྱི་ངོས་ཀྱི་ལྕམ་སྣེ་དེའི་སྟེང་དུ་ཆ་ཕྲན་གཉིས་པའི་ལྕམ་ཐུང་ཆ་ཕྲན་ཕྱེད་སྣེ་འོག་མ་ལས་ཕྱིར་འཕགས་པ་དེའི་སྟེང་དུ་གསེར་གྱི་བྱ་འདབ་བཀལ། བྱ་འདབ་ཀྱི་ཞེང་ལ་ཆ་ཕྲན་གཉིས་པ་དེའི་སྣེར་ཆ་ཕྲན་གཅིག་པའི་ཤར་བུ་དཀར་པོ་དབྱིབས་རུས་རྒྱན་གྱི་ཟ་ར་ཚགས་ལྟ་བུ་ཐུར་དུ་འཕྱང་
བ། བྱ་འདབ་ཀྱི་སྟེང་དུ་རིན་པོ་ཆེའི་མདའ་ཡབ་དཀར་པོ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ཀྱི་དཔང་ཞེང་གཉིས་ཀ་ལ་ཆ་ཕྲན་རེ་རེ་ཡོད་པ་བསྒྲིགས་པ་གོང་མཆུའམ་པུ་ཤུ་ལྟར་བསླང་བས་མཛེས་པ། ཕྱོགས་བཞིའི་རྩིག་པའི་དབུས་སུ་ཆ་ཕྲན་བཞིའམ་སྒོ་ཚད་གཅིག་ཡོད་པའི་སྒོ། རྩིག་འགྲམ་དེ་ཉིད་ནས་སྒོ་ཚད་རེ་མདུན་དུ་སོང་བའི་སྒོ་ཁྱུད། དེ་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་རེ་སོང་བའི་སྒོ་འགྲམ། དེ་ནས་ཕྱིར་ཆ་ཕྲན་གཉིས་རེ་སོང་བའི་སྒོ་ལོགས། སྒོ་ཁྱུད་གཡས་གཡོན་གྱི་ཁྲོ་ཁང་གི་ནང་ངོས་སུ་ཕྱི་ཁྱམས་གྲུ་བཞི་པའི་ལྕམ་སྣེ་ཕྱི་མ་འགེལ་བའི་གདུང་དང་། ཕྱི་ངོས་སུ་སྒོ་ཁང་གི་ལྕམ་སྣེ་ནང་མ་འགེལ་བའི་གདུང་། དེ་གཉིས་ཀྱི་བར་གྱི་སྒོ་ཁྱུད་གཡས་གཡོན་ལ་ལྕམ་བཞི་འཕྲེད་ལ་བཏང་། སྒོ་ལོགས་ཀྱི་གདོང་གི་རྩིག་རྒྱུན་ཕ་གུ་དང་བཅས་པའི་སྟེང་གི་གསེར་གྱི་སྐ་རགས་ལ་སྒོ་ཁང་གི་ལྕམ་སྣེ་ཕྱི་མ་བཀལ་ཞིང་། དེའི་ལྕམ་སྣེ་ནང་མ་སྒོ་འགྲམ་གཡས་གཡོན་དང་། དེའི་བར་གྱི་གདུང་ལ་བཀལ་བའི་སྟེང་དུ་ཐོག་འདམ་བྱས་ནས་སྒོ་ཁང་གི་ཐོག་ཕུབ། སྒོ་ཁྱུད་ཀྱི་རྩིག་གདོང་ཕྱི་མའི་གདུང་འོག་ཏུ་སྒོའི་རུ་བཞི་སྟེ་སྒོའི་ཡ་ཐེམ་མ་ཐེམ་འགྲུམ་པ་ཕན་ཚུན་རྣམས་ཀྱི་རྔམས་ཞེང་ལ་ཆ་ཕྲན་ཕྱེད་ཕྱེད། གཡས་གཡོན་དང་སྟེང་གི་ངོས་ལ་པད་མཆོད་ཡོད་པ་བཙུགས། དེ་ལ་སྒོ་གླེགས་
ཞེང་ཆ་ཕྲན་ཕྱེད་གཉིས་པ་གཉིས་བཙུགས་པའི་དཔངས་ཆ་ཕྲན་བཅུ་གསུམ་མ་ལོང་ཙམ་ཡོད་པ་ཕྱེ་ཚེ་ཕྱིར་གྱེས་འགྲོ་བ་ཕྱོགས་མདོག །སྒོའི་ཡ་ཐེམ་དང་གདུང་གི་བར་དུ་དཔངས་ཞེང་ཆ་ཕྲན་གཉིས་རེ་ཡོད་པའི་ཤར་དུ་འཁོར་ལོ་དཀར་པོ། ལྷོ ར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་རྣམས་སྟེང་འོག་ཏུ་གཉིས་བརྩེགས་གཉིས་གཤིབས་སུ་ཡོད་པ།
གཞལ་ཡས་ཁང་གི་ཕྱིའི་རྩིག་འགྲམ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་དཔངས་ཞེང་གཉིས་ཀར་ཆ་ཕྲན་གཉིས་པས་སྐོར་བའི་སྟེང་དུ་མཆོད་པའི་ལྷ་མོ་སྒོ་བཞིའི་གཡས་གཡོན་དུ་གཉིས་གཉིས་ཕྱག་ན་མཆོད་རྫས་དུ་མ་ཐོགས་པ་གཞལ་ཡས་ཁང་ལ་ཕྱོགས་ཏེ་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་རྣམས་སུ་ཟླ་ཕྱེད་དཀར་པོ་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པ་དམར་པོ་དང་། དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པས་མཚན་པ་རེ་རེ། འོག་གི་གྲྭ་བཞི་དང་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་
ཆེན་གྱིས་མཚན་པ་རེ་རེ། སྒོ་བཞི་སོ་སོའི་མདུན་དུ་སྣ་ཚོགས་རྡོ་རྗེའི་རྩ་བ་ནས། དཔངས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དཔངས་དང་མཉམ་པའི་སྣ་ཚོགས་རྡོ་རྗེའི་རྭའི་བར་ནས་རིན་པོ་ཆེའི་ཐེམ་སྐས་བང་རིམ་བཞི་ཡོད་པའི་རེ་རེའི་ཞེང་ལ་ཆ་ཕྲན་གསུམ་གསུམ་དང་། སྲིད་ལ་ཆ་ཕྲན་བཅུ་དྲུག་ཕྱོགས་མདོག །ཐེམ་སྐས་རེ་རེ་ལ་སེང་སྐས་དང་བཅས་པ། རྡོ་རྗེའི་རྭ་དང་ཐེམ་སྐས་གཉིས་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པ། ཐེམ་སྐས་གོང་མའི་སྟེང་གཡས་གཡོན་གཉིས་སུ་དཔངས་ཆ་ཕྲན་གཅིག་པའི་སྟེགས་བུ་གྲུ་བཞི་པ་རེ་རེ། དེའི་སྟེང་དུ་བུམ་པ་ལས་ཐོན་པའི་ཀྭ་བ་དབུས་ལྡིར་ཞིང་སྣེ་གཉིས་ཅུང་ཟད་ཕྲ་བ་རྩེ་གཉིས་དང་དབུས་ནོར་བུས་སྤྲས་པ། སྟེགས་བུ་བུམ་པ་ཀྭ་བ་དང་བཅས་པའི་དཔངས་ལ་ཆ་ཕྲན་ལྔ་ལྔ་ཡོད་པ་ཕྱོགས་རེར་གཉིས་གཉིས་ཏེ་བཞི་བཙུགས་པའི་སྟེང་དུ་གསེར་སྣམ་རྒྱུ་གསེར་ལས་གྲུབ་པ་སྲིད་ཆ་ཕྲན་ཕྱེད་གསུམ་ཡོད་པ་རེ་རེའི་སྟེང་དུ་ཤར་བུ་གཞི་སྔོན་པོ་ལ་རིན་པོ་ཆེའི་སྤྱི་བླུགས་དཀར་པོ་མཆུ་མེད་པ་མགོ་མཇུག་ལོག་ནས་བསྒྲིགས་པ་ལྟ་བུས་མཚན་པ།
དེའི་སྟེང་དུ་རིན་པོ་ཆེ་ནི་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་སོགས་དབྱིབས་དང་ཁ་དོག་སྣ་ཚོགས་པ་འབུར་དོད་པ་ཕ་གུ་ལྟར་སྤེལ་མར་བརྒྱན་པ། དེ་གཉིས་ཀྱི་སྲིད་ལ་ཆ་ཕྲན་གསུམ། དེའི་སྟེང་དུ་རྟ་རྨིག་ནི་གཞི་ལྗང་གུ་ལ་རྟའི་རྨིག་རྗེས་ལྟ་བུའི་རི་མོས་མཚན་པའི་སྲིད་ལ་ཆ་ཕྲན་ལྔ། དེ་གསུམ་གྱི་སྣེ་ཆ་ཕྲན་གཅིག་གིས་གསེར་སྣམ་ལས་ཕྱིར་ཐལ་བ། དེའི་སྟེང་དུ་མུན་སྣམ་འོག་མའི་ཀྭ་བའི་དཔངས་ལ་ཆ་ཕྲན་ཕྱེད་གཉིས།
མུན་སྣམ་རང་གི་སྟེང་ངོས་ཀྱི་སྲིད་ལ་ཆ་ཕྲན་ཕྱེད་ལྔ་དང་འོག་ལ་བཞི། དེའི་སྟེང་དུ་ཝ་རཎྜ་ཁ་དོག་སྣ་ཚོགས་པ་སྲིད་ལ་ཆ་ཕྲན་ལྔ། དེའི་སྟེང་ལ་མུན་སྣམ་གོང་མའི་ཀྭ་བ་དཔངས་གོང་མཚུངས། མུན་སྣམ་གོང་མའི་ཀྭ་བའི་ཕྱི་མཐའ་དང་འོག་མའི་ཀྭ་བའི་ནང་མཐའ་གཉིས་ཐད་དྲང་དུ་ཡོད་པ། མུན་སྣམ་རང་གི་སྟེང་ངོས་ཕན་ཚུན་འབྲེལ་བས་ཆ་ཕྲན་བཅུ་བཞི་དང་འོག་ལ་བཞི། དེའི་སྟེང་དུ་ཤར་བུ་རིན་པོ་ཆེ་རྟ་རྨིག་གསུམ་ཁ་དོག་གོང་མཚུངས་ལ་དབུས་ནས་གཡས་སུ་ཆ་ཕྲན་བདུན། གཡོན་དུའང་བདུན་ཏེ་སྲིད་ལ་ཆ་ཕྲན་བཅུ་བཞི། དེའི་སྟེང་དུ་མདའ་ཡབ་ཀྱི་སྣམ་བུ་དབུས་ནས་གཡས་སུ་ཆ་ཕྲན་ལྔ་གཡོན་དུ་ལྔ་སྟེ་ཆ་ཕྲན་བཅུ། གཡས་གཡོན་གྱི་སྣེ་མོ་གཉིས་སུ་དཔངས་ཞེང་གཉིས་ཀ་ལ་ཆ་ཕྲན་རེ་ཡོད་པའི་མདའ་ཡབ་གཉིས་རེ། སྣམ་བུ་བཅུ་གཅིག་པོ་འདི་རྣམས་ཞེང་འདྲ་བར་ཆ་ཕྲན་གསུམ་རེའམ་བཞི་རེ། མདའ་ཡབ་ཀྱི་བར་སྟོང་ཆ་ཕྲན་དྲུག་ལ་མདའ་ཡབ་ཀྱི་སྣམ་བུ་དཀར་པོ་བཏིང་བའི་དབུས་སུ་ཟླ་གདན་ལ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་དཔངས་ཞེང་ཆ་ཕྲན་གཉིས།
དེའི་གཡས་གཡོན་གཉིས་སུ་རི་དྭགས་ཕོ་མོ་ཉལ་སྟབས་སུ་གནས་པ་མིག་འཁོར་ལོའི་རྩེ་ལ་བལྟ་བ། མགྲིན་པ་དང་བཅས་པའི་དཔངས་ལ་ཆ་ཕྲན་ཕྱེད་གཉིས་ཙམ། དེ་གཉིས་ཀྱི་རྒྱབ་ཀྱི་མདའ་ཡབ་ནང་མའི་སྟེང་དུ་སྤྲེའུ་གདུགས་འཛིན་པ་རེ་རེ། ཕྱི་མའི་སྟེང་དང་རྟ་རྨིག་གོང་འོག་གཉིས་དང་ཝ་རཎྜའི་སྣམ་བུའི་སྣེ་གཉིས་རྣམས་སུ་བུམ་པ་ནས་ཐོན་པའི་རྒྱལ་མཚན་དང་བ་དན་སྤེལ་མར་བཙུགས་པ་རེ་རེ། གཞལ་ཡས་ཁང་གི་སྟེང་གི་ཟུར་བཞིར་གདུགས་རེ་དང་། མདའ་ཡབ་ཀྱི་སྟེང་དུ་རྒྱལ་མཚན་དང་བ་དན་སྤེལ་མར་འཛུགས། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་སྲིད་ཞེང་སྒོ་ཚད་གཅིག་པ་ནས་ཐོན་པའི་དཔག་བསམ་གྱི་ཤིང་ཡལ་ག་དྲུག་པའི་དབུས་ཀྱི་རྩེར་ཁྱིམ་
བདག་ཁ་ནང་བལྟ། མཐའི་ཡལ་ག་དྲུག་གི་རྩེར་འཁོར་ལོ་སོགས་དྲུག་གི་རྒྱལ་སྲིད་སྣ་བདུན་དང་ལྡན་པ། དེའི་སྟེང་དུ་དེ་ལ་མ་རེག་ཙམ་གྱི་སྤྲིན་གྱི་གསེབ་ནས་ལུས་ཕྱེད་ཙམ་ཐོན་པའི་ལྷའི་བུ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས་དཀྱིལ་འཁོར་ལ་མེ་ཏོག་གི་ཆར་འབེབས་པ། དེའི་བར་བར་གྱི་ནམ་མཁའ་ལ་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་རྣམ་པ་ཅན་གྱི་གྲུབ་ཆེན་རེ།
རྡོ་རྭ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ། ཤར་དུ་གཏུམ་དྲག །ལྷོར་ཀེང་རུས་ཅན། ནུབ་ཏུ་རྡོ་རྗེ་འབར་བ་ཅན། བྱང་དུ་ཚང་ཚིང་འཁྲིགས་པ། དབང་ལྡན་ནམ་བྱང་ཤར་དུ་ཧ་ཧ་རྒོད་པ། མེར་བཀྲ་ཤིས་ཚལ། ལྷོ་ནུབ་ཏུ་མུན་པ་དྲག་པོ། ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་ཅན་ཏེ་དུར་ཁྲོད་བརྒྱད། དུར་ཁྲོད་དེ་རེ་རེ་ལ་ཤར་དུ་ན་ག་གེ་སར་གྱི་ཤིང་། ལྷོར་ཙཱུ་ཏའམ་ཨ་མྲ། ནུབ་ཏུ་ཀངྒེ་ལའམ་ཆུ་ཤིང་། བྱང་དུ་ཨ་ཤྭ་ཐའི་ཤིང་། བྱང་ཤར་དུ་ཀཊའམ་ནྱ་གྲོ་དྷ། མེར་ཀ་རཉྫ། ལྷོ་ནུབ་ཏུ་བ་ཊ་བརྐོའི་ཤིང་། ནུབ་བྱང་དུ་ཨརྫུ་ནའི་ཤིང་སྟེ་ཤིང་བརྒྱད། ཤིང་དེའི་རྩ་བར་རིམ་བཞིན་ཤར་དུ་དབང་པོ་དཀར་པོ་གླང་པོ་ཆེ་ལ་ཞོན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་པ་ཆུ་སྲིན་ལ་ཞོན་པ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ་ཞོན་པ། བྱང་ཤར་དུ་དབང་ཕྱུག་ཆེན་པོ་དཀར་པོ་གླང་ལ་ཞོན་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོན་པོ་མི་མགོའི་ཕྲེང་བའི་ཅོད་པཎ་ཅན་རོ་ལངས་ལ་ཞོན་པ། རླུང་དུ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་སྟེ་ཕྱོགས་སྐྱོང་བརྒྱད། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་རྣམས་རིམ་བཞིན་རྡོ་རྗེ་དང་། དབྱུག་པ་དང་། སྦྲུལ་ཞགས་དང་། རིན་པོ་ཆེ་སྐྱུགས་པའི་ནེའུ་ལེ་དང་། རྩེ་གསུམ་དང་། ཕྲེང་བ་སྤྱི་བླུགས་དང་བཅས་པ་དང་། རལ་གྲི་དང་། བ་དན་སེར་པོ། གཡོན་རྣམས་ན་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ།
ཤིང་རྣམས་ཀྱི་རྩེ་མོར་རྫུ་འཕྲུལ་ཆེན་པོ་ཅན་གླང་པོའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད་དེ། ཤར་དུ་གླང་པོའི་གདོང་ཅན་དཀར་པོ། ལྷོར་མ་ཧེའི་གདོང་ཅན་ནག་པོ། ནུབ་ཏུ་ཆུ་སྲིན་གདོང་ཅན་དཀར་པོ། བྱང་དུ་མིའི་གདོང་ཅན་སེར་པོ། བྱང་ཤར་དུ་གླང་གི་གདོང་ཅན་དཀར་པོ།
ཤར་ལྷོར་རའི་གདོང་ཅན་དམར་པོ། ལྷོ་ནུབ་ཏུ་རོ་ལངས་གདོང་ཅན་ནག་པོ། ནུབ་བྱང་དུ་ཤ་བའི་གདོང་ཅན་ལྗང་གུ། ཐམས་ཅད་དྲག་ཅིང་གཏུམ་ལ་རྫུ་འཕྲུལ་ཆེན་པོ་པ། ལུས་སྟོད་ཀྱི་ཕྱེད་ཙམ་ཤིང་གསེབ་ནས་ཐོན་པ་ཐམས་ཅད་ཀྱིས་གཡས་གཏོར་མ་དང་། གཡོན་ཐོད་པ་འཛིན་པ། དུར་ཁྲོད་རེ་རེ་ན་ཆུ་རེ་རེ་སྟེ་ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད་དེ། ཤར་དུ་ནོར་རྒྱས་དཀར་པོ། ལྷོར་པདྨ་དཀར་པོ།
ནུབ་ཏུ་ཀརྐོ་ཊ་སྔོན་པོ། བྱང་དུ་འཇོག་པོ་དམར་པོ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་པདྨ་ཆེན་པོ་དཀར་པོ། ཤར་ལྷོར་མཐའ་ཡས་སྣ་ཚོགས་མདོག །ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ། ཐམས་ཅད་ཀྱང་སྟོད་མི་དང་འདྲ་བ་ཕྱག་གཉིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པ། སྨད་ཐམས་ཅད་སྦྲུལ་མཇུག་ཏུ་འཁྱིལ་བ། ཀླུ་དེ་དག་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད་དེ། ཤར་དུ་སྒྲོགས་པ། ལྷོར་གཡོ་བ། ནུབ་ཏུ་དྲག་པོ། བྱང་དུ་ཆེར་སྒྲོགས་པ། བྱང་ཤར་དུ་བརྟན་པ། ཤར་ལྷོར་གང་བ། ལྷོ་ནུབ་ཏུ་འབེབས་པ། ནུབ་བྱང་དུ་གཏུམ་པོ་སྟེ་ཐམས་ཅད་ཀྱང་གློག་ཕྲེང་འཁྱུག་ཅིང་འབྲུག་གི་སྒྲ་སྒྲོགས་པ། ཤར་ལ་སོགས་པར་རི་བརྒྱད་དེ། ཤར་དུ་རིན་པོ་ཆེའི་རང་བཞིན་གྱི་ལྷུན་པོ། ལྷོར་མ་ལ་ཡ་སེར་པོ། ནུབ་ཏུ་ཀེ་ལ་ཤ་དཀར་པོ། བྱང་དུ་མནྡྷ་ར་ལྗང་གུ། དབང་ལྡན་དུ་དབང་ཆེན་ནག་པོ། མེར་སྤོས་ངད་ལྡང་སེར་པོ། སྲིན་པོར་གངས་ཅན་དཀར་པོ། རླུང་དུ་དཔལ་གྱི་རི་སྔོན་པོ། རི་རེ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་གྱི་མཆོད་རྟེན་དཀར་པོ་རེ་དང་མེ་རེ་སྟེ་མཆོད་རྟེན་དང་ཡེ་ཤེས་ཀྱི་མེ་བརྒྱད། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ་གཅེར་བུ་སྐྲ་བཤིག་པ་ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། ཧ་ཧ་ཞེས་རྒོད་ཅིང་དུར་ཁྲོད་དུ་འཇུག་པ་བརྒྱད།
གཞན་ཡང་འུག་པ་དང་བྱ་རོག་དང་བྱ་རྒོད་ལ་སོགས་པ་མི་རོ་ཟ་བའི་དྲག་པོའི་བྱ་དང་། སེང་གེ་དང་། སྟག་དང་། ཅེ་སྤྱང་ལ་སོགས་པའི་གཅན་གཟན་འཇིགས་སུ་རུང་བ་དུ་མ་དང་། སྦྲུལ་བ་ལང་གི་མགོ་ཅན་ལ་སོགས་པའི་སྲོག་ཆགས་གདུག་པ་ཅན་དང་། རོ་ལངས་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་མི་མ་ཡིན་གདུག་པ་ཅན་ཧ་ཧའི་སྒྲ་སྒྲོགས་པ་དུ་མ་དང་། རོ་མགོ་མེད་དང་ཤིང་ལ་དཔྱངས་པ་དང་། གསལ་ཤིང་གིས་ཕུག་པ་དང་། མེར་བསྲེག་པ་དང་། ཀེང་རུས་འཐོར་བ་ལ་སོགས་པས་བཀང་བར་བསྒོམ།

དེ་དག་གི་མཚོན་དོན་ནི། གསང་བ་འདུས་པའི་རྩ་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་གནས། །ཞེས་གསུངས་པ་ལྟར། ཆོས་འབྱུང་གི་ཟུར་གསུམ་གྱིས་སྐུ་གསུང་ཐུགས་སམ། རྣམ་ཐར་སྒོ་གསུམ་མཚོན་ཞིང་། ཕྱི་དཀར་བས་བདེ་བ་ཆེན་པོ་དང་། ནང་དམར་བས་སྟོང་པ་ཉིད་མཚོན་ཞིང་། རྩེ་མོ་ཕྲ་བ་ཐུར་དུ་ཟུག་པས་ལས་དང་པོ་པའི་སྐབས་ཀྱི་ཡོན་ཏན་རྒྱ་ཆུང་བ་དང་། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པས་མོས་སྤྱོད་ཀྱི་ས་ནས་བཟུང་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་མཚོན། ཤེས་རབ་མའི་སྐྱེ་གནས་ཀྱི་རྣམ་པར་ཡོད་པས་ནི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། རྟེན་བརྟེན་པ་ཐམས་ཅད་ཀྱང་ཆོས་འབྱུང་གི་ནང་དུ་ཚུད་པ་ནི་ཆོས་འབྱུང་གིས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་འདས་པ་དང་། ལམ་འབྲས་ཀྱི་ཡོན་ཏན་ཐམས་ཅད་བདེ་སྟོང་དབྱེར་མེད་བསྒོམ་པ་ལས་འབྱུང་བ་ཤེས་པ་མཚོན།
གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་པདྨ་ནི་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར། འདོད་ཡོན་ལམ་བྱེད་ལས་སྐྱེས་ཀྱང་ཆགས་སོགས་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ་མཚོན། དེ་ལ་འདབ་མ་རེ་བཞི་བྱས་ཚེ་ལྟེ་བའི་རྩ་འཁོར་དང་། སོ་གཉིས་པའི་ཚེ་རྩ་འཁོར་གཙོ་བོ་མཚོན་ཞིང་དེ་ཡང་དམིགས་པ་གནད་དུ་བསྣུན་པའི་ལུས་གནད་མཚོན། དེའི་སྟེང་དུ་སྐྱོན་གྱིས་མ་གོས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ལ་ལྡོག་ཆས་ཕྱེ་ན་ཡེ་ཤེས་ལྔ་ཡོད་པ་ལྟར། དཀར་སེར་དམར་ལྗང་སྔོ་བའི་ཁ་དོག་ལྔ་ལྡན་གྱི་སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་རྡོ་རྗེ་དེ་ཡང་རྭ་བཅུ་གཉིས་པའི་དབང་དུ་བྱས་ན་མ་རིག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་
མཚོན་ཞིང་།

རྭ་ཉི་ཤུ་པའི་དབང་དུ་བྱས་ན། དབུ་མ་ལ་འཇུག་པ་ལས། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཞེས་པ་ལྟར། གཟུགས་བདག་ཡིན་པར་ལྟ་བ་དང་། བདག་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པར་ལྟ་བ་དང་། བདག་ལ་གཟུགས་དང་གཟུགས་ལ་བདག་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་སོགས་ཕུང་པོ་གཞན་བཞི་ལའང་དེ་ལྟར་སྦྱར་བའི་འཇིག་ལྟ་ཀུན་
བཏགས་རགས་པ་ཉི་ཤུ་དག་པས་རྭ་ཉི་ཤུ། སྣ་ཚོགས་རྡོ་རྗེ་དེའི་སྟེང་དུ་གཞལ་ཡས་ཁང་། འཕགས་པའི་བདེན་པ་བཞི་དག་པས་ངོས་བཞི། ཤྲཱི་དྷ་རའི་གཤེད་དམར་གྱི་དཀྱིལ་ཆོག་ཏུ་བཤད་པ་ལྟར། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་ངོས་བཞིར་མཉམ་པ། ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་བཞག་བཞི་དག་པ་ནི་ཤར་གྱི་སྒོ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་རྣམས་སྤེལ་བའི་ཡང་དག་པའི་སྤོང་བ་བཞི་དག་པ་ནི་ལྷོའི་སྒོ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་དག་པ་ནི་ནུབ་ཀྱི་སྒོ། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོའི་སེམས་བྱུང་ལྔ་དག་པ་ནི་བྱང་གི་སྒོ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱིར་ནང་གི་རྡོ་རྗེའི་ཕྲེང་བ། བསམ་གཏན་བཞི་དག་པས་རྟ་བབས་བཞི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་བཞི་ནི་འདོད་སྣམ་བཞི། སོ་སོར་ཡང་དག་པར་རིག་པ་བཞི་རྣམ་པར་དག་པ་ནི་འདོད་སྣམ་ལ་གནས་པའི་མཆོད་པའི་ལྷ་མོ། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན། སྒོམ་སྤང་ས་བོན་དང་བཅས་པ་སྤངས་པས་དྲྭ་བ་དང་། སྒོམ་སྤང་ཉོན་མོངས་མངོན་གྱུར་པ་མགོ་གནོན་པས་ཉོན་མོངས་པའི་ཕྱེད་འཕྲོག་པ་ལྟ་བུས་དྲྭ་ཕྱེད།
གཞན་ཡང་དུར་ཁྲོད་ཀྱི་རོ་བདག་མེད་པར་གནས་པ་བཞིན་གང་ཟག་གི་བདག་མེད་མཚོན། མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་། མི་སྡུག་པ་ཡང་མཚོན། ཆུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན། ཀླུས་ཕར་ཕྱིན་དྲུག་དང་། དེའི་ལག་གི་ནོར་བུས་བསྡུ་བ་བཞི་མཚོན། ཤིང་གིས་རྩ་དབུ་མ་དང་། དེའི་རྩ་བའི་ཕྱོགས་སྐྱོང་གིས་ཐུར་སེལ་མཚོན། རྩེ་མོའི་ཞིང་སྐྱོང་གིས་སྲོག་འཛིན། མེས་གཏུམ་མོ། སྤྲིན་གྱིས་བྱང་སེམས་དཀར་པོ། རིས་གཟུང་འཛིན་རྣམ་རྟོག་གིས་མི་གཡོ་བའི་བདག་མེད་རྟོགས་པའི་ཤེས་རབ་དང་ཟུང་འཇུག །མཆོད་རྟེན་གྱིས་སྐུ་གསུམ་གྱི་གོ་འཕང་། གྲུབ་ཐོབ་རྣམས་ཀྱིས་ལམ་དེ་ཉམས་སུ་ལེན་པའི་གང་ཟག་དང་། དེས་ལམ་དེ་ཐོབ་པར་བྱེད་པ་ལ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ཚན་གཉིས་དགོས་པ་མཚོན་ཕྱིར་དེ་ཐམས་ཅད་བརྒྱད་ཚན་བརྒྱད་ཚན་དུ་བྱས་པའོ།

དེ་ལྟ་བུའི་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པའི་དག་པ་རྣམས་དྲན་པར་བྱས་ལ་དེ་དག་ལ་ཡང་ང་རྒྱལ་དང་གསལ་སྣང་བསྐྱེད།
གཞལ་ཡས་ཁང་གི་སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དང་། དཀར་པོ་རྣམས་འཁོར་ལོ། སེར་པོ་རྣམས་རིན་ཆེན། དམར་པོ་པདྨ། ལྗང་གུ་རལ་གྲི། སྔོན་པོ་རྣམས་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྲུབ་པ། གསལ་ཞིང་འཚེར་བའི་འོད་ཀྱི་རང་བཞིན་ཅན། ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བའི་རིན་པོ་ཆེ་ལས་གྲུབ་པ། གཞལ་ཡས་ཁང་གི་རྒྱན་གྱི་ནོར་བུ་རེ་རེའི་འོད་ཀྱིས་ཀྱང་སྟོང་གསུམ་གསལ་ནུས་པ་ལྟ་བུར་བསྒོམ། གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དམར་ནག་མེ་རླུང་འདྲེས་པའི་རང་བཞིན་སྐད་ཅིག་ཀྱང་མི་སྡོད་པར་གཡོ་བ། དེའི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེ་ལྟར་འབྱུང་བཞིའི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི་གཞི་ལ་གང་དུ་སྐྱེ་བ་ལེན་པའི་གནས་རི་གླིང་སོགས་ཀྱི་སྣོད་མཚོན་ཞིང་དེ་སྦྱོང་བ་དང་། ལམ་དང་འབྲས་བུའི་ཚེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་པ་གང་དུ་བཞུགས་པའི་རྟེན་གཞལ་ཡས་ཁང་མཚོན་ཞིང་དེ་འགྲུབ་པའི་སྨིན་བྱེ ད་ཁྱད་པར་ཅན་དུ་འགྱུར་རོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero