How to generate the resultant Vajradhara (the yoga of taking the bardo as the Sambhogakaya)
བདག་གིས་འབྱུང་འགྱུར་གྱི་བར་དོ་སྦྱངས་ནས། འབྲས་དུས་ཀྱི་ལོངས་སྐུ་མངོན་དུ་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་དྷཱིཿ སེར་པོ་ལས་བྱུང་བའི་རལ་གྲི་སོ་གཉིས་པ་གྱེན་དུ་འགྲེང་ཞིང་རྩེ་མོར་མེ་འབར་བ། གསེར་གྱི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན། ཡུ་བའི་སྟེང་གི་རལ་གྲིའི་རྩ་བར་དྷཱིཿ སེར་པོས་མཚན་པ་དེ་ལས་འོད་ཟེར་སེར་པོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་འཇམ་དབྱངས་ཀྱི་རྣམ་པ། དེ་ཡང་ཤར་དང་ཤར་ལྷོ་བ་རྣམས་སྐུ་མདོག་སྔོན་པོ། ཕྱག་གཡས་རྡོ་རྗེ། ལྷོ་དང་ལྷོ་ནུབ་པ་རྣམས་སྐུ་མདོག་སེར་པོ། ཕྱག་གཡས་རིན་པོ་ཆེ། ནུབ་དང་ནུབ་བྱང་པ་རྣམས་སྐུ་མདོག་དམར་པོ། ཕྱག་གཡས་པདྨ། བྱང་དང་བྱང་ཤར་པ་རྣམས་སྐུ་མདོག་ལྗང་གུ། ཕྱག་གཡས་སྣ་ཚོགས་རྡོ་རྗེ། གཡོན་ཐམས་ཅད་པོ་ཏི་འཛིན་པ། རྒྱན་ཆ་ལུགས་འཇམ་དབྱངས་ཇི་ལྟ་བ་བཞིན་བསྐྱེད་པའམ། དེ་ཙམ་མ་ནུས་ན་རྒྱུ་རྡོ་རྗེ་འཛིན་པ་འཇམ་དབྱངས་དང་འདྲ་བའི་རྣམ་པར་བྱས་ཏེ་རལ་གྲི་དྷཱིཿ དང་བཅས་པ་ལ་ཐིམ་པ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གུར་ཀུམ་གྱི་ལྷུན་པོ་ལ་ཉི་མ་འབུམ་གྱི་མདངས་ཕོག་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་རྩེ་མོ་ལས་ཡེ་ཤེས་ཀྱི་མེ་འབར་བ། རྡོ་རྗེ་ཕྱེད་པས་མཚན་པའི་ཡུ་བ་ཅན་ནམ་མཁར་འཕྱར་བ། ཕྱག་གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཀར་བསྣམས་པ། ལོ་བཅུ་དྲུག་ལོན་པའི་ཉམས་ཅན་མཛེས་ཤིང་ཡིད་དུ་འོང་བ། སྤྱན་དཀྱུས་རིང་ཞིང་ཅུང་ཟད་གདངས་པ་དང་། སྨིན་དབུས་སུ་ཁྲོ་གཉེར་ཅུང་ཟད་བསྡུས་པའི་ཡུད་ཙམ་ཁྲོས་པའི་རྣམ་པ་ཅན། རལ་པའི་ཐོར་ཅོག་སྟེང་འོག་གཉིས་སུ་གསེར་གྱི་འཁྱུད་མོས་བསྡམས་པའི་བར་དང་། སྟེང་དུ་ཁུག་པ་གཅིག་དང་བཅས་པའི་ཟུར་ཕུད་ལྔ་ལྡན་གྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་སྤྲས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ། སེ་མོ་དོ། འོག་པགས་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པ། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་
ཀླུབས་པ། ཞབས་རྡོ ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འབྲས་དུས་ཀྱི་ཡེ་ཤེས་མཐར་ཐུག་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དུ་ཤར་བའི་ཤིན་ཏུ་ཕྲ་བའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ངའོ་སྙམ་དུ་བསྒོམ་མོ། །
དེ་ལྟར་ཡང་རྟོག་པ་བཞི་པ་ལས། དེའི་སྟེང་དུ་དང་པོའི་དབྱངས་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷཱིཿ ཡིག་གི་རྣམ་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པའི་གཟུགས་སུ་བསམ་པར་བྱའོ། །དེའི་ཐུགས་ཀར་ཨཱཿ ཡིག་གི་རྣམ་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ཏེ་ཞེས་དང་། སྒྲུབ་ཐབས་ཆེ་བ་ལས། དེ་དབུས་ཡི་གེ་ཨ་ཡིག་ཟླ། །དེ་ཡི་སྟེང་དུ་ཡི་གེ་དྷཱིཿ །འཇམ་དཔལ་གཞོན་ནུ་ཡི་ནི་གཟུགས། །དེ་ཡི་སྙིང་གར་རྣམ་བསམ་པ། །ཡི་གེ་ཨཱཿ ལས་ཉི་དཀྱིལ་འཁོར། །ཞེས་དང་། སྒྲུབ་ཐབས་ཆུང་བ་ལས། འཇམ་དཔལ་གཞོན་ནུ་བསམ་པ་ནི། །གཞོན་ནུའི་རྒྱན་གྱིས་རྣམ་པར་བརྒྱན། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །སྐུ་མདོག་སེར་པོ་ཕྱག་གཡས་ན། །རལ་གྲི་གཡོན་ན་གླེགས་བམ་བསྣམས། །ཞེས་གསུངས་སོ། །
གདན་དབུས་མའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནས། འཇམ་དཔལ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསྒོམ་པའི་བར། གཞི་དུས་ཀྱི་བར་དོ་དང་། ལམ་དུས་ཀྱི་སྒྱུ་མའི་སྐུ་གཉིས་དང་། འབྲས་དུས་ཀྱི་ལོངས་སྐུ་དང་རྣམ་པ་མཐུན་པར་བསྒོམ་པ་ཡིན་ལ། དེ་ཡང་དྷཱིཿ དང་རལ་གྲི་དྷིཿ ས་མཚན་པ་དང་། དེ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་དང་། རྒྱུ་རྡོ ་རྗེ་འཛིན་པ་འཇམ་དབྱངས་རྣམས་ནི་རིམ་པ་བཞིན་དུ་བར་དོའི་ངག་དང་། ཡིད་དང་། བྱ་བ་དང་། ལུས་རྣམས་དང་ཆོས་མཐུན་ནོ།
འཇམ་དཔལ་གྱི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་གྱིས་གཞི་དུས་ལ་མཚོན་རྒྱུ་མེད་ཀྱང་། ལམ་དུས་དང་འབྲས་དུས་གཉིས་ལ་སྦྱར་ནས་བཤད་དུ་ཡོད་དེ། ལམ་དུས་ལ་སྦྱར་ན། འཇམ་དཔལ་གྱི་སྐུ་དང་དེའི་ཐུགས་ཀའི་ཉི་མ་གཉིས་ཀྱིས་རིམ་པ་བཞིན་དུ་ལུས་ཡོངས་སུ་དག་པ་སྒྱུ་མའི་སྐུར་སོང་བ་དང་། སེམས་ཡོངས་སུ་དག་པ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་གྱི་ཡེ་ཤེས་སུ་སོང་བ་དེ་མཚོན། ཉི་དཀྱིལ་འཇམ་དཔལ་གྱི་ཐུགས་ཀར་བསྒོམས་པས་ནི་མཚན་དཔེ་དག་པ་སྒྱུ་མའི་སྐུ་དང་། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་གཉིས་སྐུ་ཐུགས་སུ་ངོ་བོ་གཅིག་པའི་ཟུང་འཇུག་གི་སྐུ་དེ་མཚོན།
འབྲས་དུས་ལ་སྦྱར་ན། ལུས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ལོངས་སྐུར་སོང་བ་དང་། སེམས་སྒྲིབ་བྲལ་འོད་གསལ་ཆོས་ཀྱི་སྐུར་སོང་བ་དང་། དེ་གཉིས་སྐུ་ཐུགས་སུ་ངོ་བོ་གཅིག་པའི་མི་སློབ་པའི་ཟུང་འཇུག་རྣམས་མཚོན། ཉི་མ་བསྐྱེད་པའི་རྒྱུ་ཨཱཿ ཡིག་གིས་རང་བཞིན་མེད་པའི་ཡུལ་སྟོང་པ་ཉིད་དང་། དེ་ལས་སྐྱེས་པའི་ཉི་མས་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དང་། ཉི་མའི་འོད་ཀྱིས་མུན་པ་སེལ་བས་ནི་ལམ་དུས་ཀྱི་འོད་གསལ་གྱི་ཡེ་ཤེས་ཀྱིས་སྒྲིབ་གཉིས་ཀྱི་མུན་པ་སེལ་བ་དང་། འབྲས་དུས་ཀྱི་ཡེ་ཤེས་ཀྱིས་སྒྲིབ་གཉིས་ཀྱི་མུན་པ་བསལ་ཟིན་པ་དེ་མཚོན། དེ་ལྟར་སྒྱུ་མའི་སྐུ་དང་། དོན་གྱི་འོད་གསལ་གཉིས་ལ་སྦྱར་བ་ནི་སྦྱོང་བྱེད་ལམ་གྱི་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་ནི་སྒྱུ་ལུས་རྗེས་མཐུན་པ་དང་། དེའི་དུས་ཀྱི་དཔེའི་འོད་གསལ་ཡང་མཚོན་ནོ། །
དེ་ཡང་སྔར་བཤད་པ་ལྟར་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་ཕུང་སོགས་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་མངོན་དུ་བྱས་པའི་མཐར། ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་བར་དོར་བཞིན་ལག་གི་རྣམ་པ་ཅན་ཞིག་སྲང་མདའི་མཐོ་དམའ་བཞིན་འགྲུབ་འོང་བ་ནི་གཞིའི་སྲིད་པ་བར་དོ་ཡིན་ལ། དེ་སྦྱོང་བྱེད་ལམ་དུས་སུ་འཆི་བ་དང་འདྲ་བའི་དཔེ་དོན་གྱི་འོད་གསལ་མངོན་དུ་བྱས་པའི་མཐར། ཐ་མལ་པར་བར་དོ་འོང་རྒྱུའི་ཚབ་ལ་སྔོན་གྱི་འཕེན་པའི་དབང་གིས་འོད་གསལ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་བཞིན་ལག་གི་རྣམ་པ་ཅན་གྱི་སྒྱུ་མའི་སྐུ་འགྲུབ་འོང་ཞིང་། དག་པའི་སྒྱུ་མའི་སྐུའི་རྒྱུན་ལ་ལམ་བསྒོམ་པར་བྱས་པས་འབྲས་བུ་འོད་གསལ་ཆོས་སྐུ་མངོན་དུ་བྱས་པ་དང་དུས་མཉམ་དུ་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྐུ་འགྲུབ་པ་ཡིན་པས། འདིར་ཡང་རྒྱུ་རྡོ་རྗེ་འཛིན་པ་ལོངས་སྐུ་དེ་ལྟར་དུ་བསྒོམ་པས་གཞི་དུས་ཀྱི་བར་དོ་དེ་སྦྱོང་བ་དང་། ལམ་དུས་ཀྱི་བར་དོ་སྒྱུ་ལུས་འགྲུབ་པའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་དུས་སུ་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་བྱེད་པས་ན་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་ཀྱང་བྱའོ། །
དེ་ཡང་སྦྱང་གཞི་ལ་འཆི་སྲིད་དང་བར་སྲིད་གཉིས་སྲང་མདའི་མཐོ་དམན་བཞིན་བར་མ་ཆད་པར་འབྱུང་ཡང་། འདིར་འཆི་སྲིད་དང་ཆོས་མཐུན་པའི་སྟོང་ཉིད་བསྒོམ་པ་དང་། བར་སྲིད་དང་མཐུན་པའི་འཇམ་དཔལ་བསྐྱེད་པའི་བར་དུ་བསྲུང་འཁོར་གཞལ་ཡས་ཁང་བསྐྱེད་པ་ནི། འཆི་སྲིད་དང་བར་སྲིད་ཀྱི་བར་དུ་ཆོས་གང་གིས་ཆོད་པའི་དོན་ཞིག་བསྒོམ་པ་མ་ཡིན་གྱི། འཆི་སྲིད་དང་བར་མ་ཆད་དུ་འབྱུང་བའི་བར་སྲིད་དེ་གང་དུ་སྐྱེ་བ་ལེན་པའི་གནས་དང་འདྲ་བ་པོ་བློ་ངོར་གསལ་བཏབ་ནས། དེའི་རྗེས་སུ་
གནས་དེར་སྐྱེ་བ་ལེན་པ་པོའི་བར་སྲིད་དང་མཐུན་པའི་ལྷ་བསྒོམ་པ་ཡིན་ལ། སྦྱང་གཞི་ལའང་བར་དོ་གང་དུ་སྐྱེ་བ་ལེན་པའི་གནས་སྣོད་ཀྱི་འཇིག་རྟེན་བར་དོའི་སྔ་རོལ་ཏུ་གྲུབ་ནས་ཡོད་པས། སྦྱང་གཞི་དང་མི་མཐུན་པའི་སྐྱོན་མེད་པར་གསུངས་སོ། །
སྐབས་འདིར་རྒྱུ་རྡོ་རྗེ་འཛིན་པ་ལ་ཟླ་གདན་གཅིག་པུ་དང་། འབྲས་བུ་རྡོ་རྗེ་འཛིན་པའི་སྐབས་པད་ཟླ་ཉི་དཀྱིལ་གསུམ་དང་། བཅུ་གསུམ་མའི་སྐབས་རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུའང་གདན་གསུམ་བརྩེགས་བྱེད་པ་འདྲ་ཞིག་བྱུང་བ་ཇི་ལྟར་ཡིན་སྙམ་ན། བཅུ་གསུམ་མའི་སྐབས་སུ་གཙོ་འཁོར་ཚང་མའི་གདན་གོང་དུ་འཇུག་པ་བདེ་ཕྱིར་ཕྱོགས་གཅིག་ཏུ་གསུངས་ཤིང་། དཔའ་བོ་གཅིག་པ་ལ་འབྲས་བུ་རྡོར་འཛིན་གྱི་སྐབས་སུ་གདན་གསུམ་བརྩེགས་ཚིག་ཟིན་ལ་དངོས་སུ་གསལ་ཞིང་། རྒྱུ་རྡོར་འཛིན་
སྐབས་དཔའ་བོ་གཅིག་པ་དང་། བཅུ་གསུམ་མ་གཉིས་ཀ་ལ་གཙོ་བོར་ཟླ་གདན་བྱེད་པ། གཞི་དུས་སུའང་སྦྱང་གཞི་བར་དོའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་ཅིང་། སྦྱོང་བྱེད་ལམ་དུས་ཀྱི་སྒྱུ་མའི་སྐུ་གཉིས་ཀྱང་ཕྲ་བའི་རླུང་སེམས་ལས་གྲུབ་པ་དང་། སྦྱང་འབྲས་འབྲས་དུས་ཀྱི་ལོངས་སྤྱོད་རྫོགས་སྐུ་དང་པོའི་མགོན་པོ་བསྒྲུབ་གཞི་སྲོག་འཛིན་ཤིན་ཏུ་ཕྲ་བ་ལས་གྲུབ་པས་སྲོག་འཛིན་གྱི་རླུང་དེ་རང་དབང་བའི་ཁ་དོག་དཀར་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞིང་རྒྱུ་རྡོ་རྗེ་འཛིན་པའི་ཟླ་གདན་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་མཚོན་པའི་གནད་ཀྱིས་ཡིན་ནམ་སྙམ།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero