Generating the mandala of the four elements and meditating on the protection wheel
འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་དེ་འགལ་རྐྱེན་འགོག་པའི་དོན་དུ་བསྲུང་བའི་འཁོར་ལོ་བསྒོམ་པའི་ཚུལ་ལོ།
How to generated the mandala of the four elements and then meditate on the protection wheel in order to cease adverse conditions
གསུམ་པ་འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་དེ་འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་བསྒོམ་པ་ནི།
འདི་ནས་བཟུང་ཟླ་བ་ལས་བྱང་ཆུབ་པའི་བར་རང་གི་བློ་གཙོ་བོར་ཆོས་སྐུ་ལ་མཉམ་པར་བཞག་པའི་ངེས་ངོའི་སྟོང་ཉིད་ཀྱི་འཛིན་སྟངས་མ་ཤོར་བ་བྱས་པའི་ཤུགས་མ་ཡལ་བར་བློའི་ཟུར་གཅིག་གིས་རིམ་པ་བཞིན་བསྒོམ་དགོས་པས། དེའི་ཚུལ་ནི།
སྟོང་པའི་ངང་ལས་རང་གི་གོ་སར་ཡཾ་སྔོ་སྐྱ་ཞིག་ཐོལ་གྱིས་བྱུང་བ་ཡོངས་སུ་གྱུར་པ་ལས། རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་བཅད་ཁ་མདུན་ཕྱོགས་སུ་བསྟན་པ། གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། འདིར་རླུང་དཀྱིལ་ཁ་དོག་ནག་པོ་ལྗང་སྔོ་སོགས་རྒྱུད་སྡེ་གཞན་དང་མི་འདྲ་བར་དུ་བའི་མདོག་ཅན་བྱེད་པ་དང་། འོག་ཏུ་གདན་གྱི་སྐབས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་དུ་བྱེད་པ་ནི་དྲག་པོའི་ལས་གཙོ་བོར་སྟོན་པ་ཡིན་ཏེ། མི་བསྐྱོད་པའི་རྟོག་བདུན་འགྲེལ་པར་རླུང་དཀྱིལ་མདོག་དུ་བའི་རྣམ་པར་བསམ་མོ་ཞེས་བཤད་པ་ནི། མངོན་སྤྱོད་ཀྱི་ལས་གཙོ་བོར་གྱུར་པ་ཡིན་ནོ། །ཞེས་གསུངས་པས་གཤིན་རྗེ་གཞན་ལ་མེད་པའི་འཇིགས་བྱེ ད་ཀྱི་ཁྱད་ཆོས་ཡིན་པར་གསུངས་ཤིང་། དུ་བ་ནི་མེ་རླུང་འདྲེས་པས་ནག་ལ་ཅུང་ཟད་དམར་བར་གྱུར་པའོ། །དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བའི་འཕྲེང་བ་འཁྲིགས་པ་རྡོ་རྗེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་མཎྜལ་ཁ་སྦུབ་པ་ལྟ་བུ། དབུས་སུ་བུམ་པ་ཆུས་བཀང་བ་ཆུ་ནང་དུ་ནུབ་པས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་ཧཱུཾ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་ཡིག་སྔོན་པོས་མཚན་པ། འདི་དག་གི་སྐྱེད་བྱེད་ཀྱི་ཡི་གེ་རྣམས་གྱེན་འགྲེང་ངམ་ཉལ་སྟབས་གང་རུང་དང་འབྱུང་བཞིའི་ཚད་བསྲུང་འཁོར་ལ་དཔག་ནས་གསལ་འདེབས།ཧཱུཾ་དེ་ལས་འོད་ཟེར་འོག་ཏུ་ཁྱབ་པར་སྤྲོས་པས་འོག་ཐམས་ཅད་ལྕགས་ཀྱི་རང་བཞིན་གྱི་རྡོ་རྗེའི་ས་གཞི། ལོགས་སུ་སྒོར་སྒོར་མོར་འཕྲོས་པས་ལོགས་ཐམས་ཅད་རྡོ་རྗེའི་རྭ་བ་ཟླུམ་པོ། སྟེང་དུ་གདུགས་ཕུབ་པ་ལྟར་འཕྲོས་པས་སྟེང་ཐམས་ཅད་རྡོ་རྗེའི་གུར་སོགས་གུར་གྱི་སྟོད་ལྟ་བུ་ཡང་སྔར་ལྟར་འཕྲོས་པས་དེའི་འོག་ཏུ་རྡོ་རྗེའི་རང་བཞིན་གྱི་བླ་རེ། དེ་ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པ། རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོང་གསེང་ཆུང་བ་རྣམས་ཀྱིས་གཏམས་པ། རྡོ་རྗེའི་ཞལ་ཞལ་བྱས་པ་ལྟར་འཇམ་པ། བསྐལ་བའི་རླུང་གིས་ཀྱང་གཞིགས་པར་མི་ནུས་པའི་སྲ་ཞིང་མཁྲེགས་པར་བསམ།
བསྲུང་འཁོར་གྱི་དཔངས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་གསེར་གྱི་ས་གཞི་ལ་ཐུག་གི་བར་རམ། སྟེང་འོག་མིན་ནས་འོག་རླུང་གི་དཀྱིལ་འཁོར་གྱི་བར་དང་། རྒྱ་ཕྱིའི་ལྕགས་རི་ལ་ཐུག་པ་ཙམ་མམ། ཡང་ན་རང་གིས་ཇི་ཙམ་འདོད་པ་དེ་ཙམ་དུ་བསྒོམ་པས་ཆོག་ཅིང་། ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་ཁ་དོག་སྣ་ལྔ་པའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ། དེའི་ནང་དུ་རྡོ་རྗེ་རྩེ་གསུམ་པའི་མདེའུ་ཅན་གྱི་མདའ་སྟེང་ནས་འོག །འོག་ནས་སྟེང་། ཕྱི་ནས་ནང་། ནང་ནས་ཕྱིར་བུ་ཡུག་འཚུབས་པ་ལྟར་འཕྲོ་བ། ནག་ཕྱོགས་པ་རྣམས་ཀྱིས་ནང་དུ་འཇུག་པ་ལྟ་ཅི། མིག་གིས་བལྟ་བ་ཙམ་ཡང་མི་ནུས་ཤིང་། དཀར་ཕྱོགས་པ་རྣམས་ཀྱིས་འཇའ་འོད་ཀྱི་རང་བཞིན་དུ་མཐོང་བར་བསྒོམ། འདི་ནི་བསྲུང་འཁོར་ཐུན་མོང་བ་ཡིན་ལ།
ཐུན་མོང་མ་ཡིན་པའི་བསྲུང་འཁོར་བསྒོམ་ཚུལ་ནི། ལཱ་ལི་ཏས། དེ་དབུས་གནོད་མཛེས་རྒྱལ་པོ་ནི། །བཀའ་ཡི་འཁོར་ལོ་བསྒོམ་པར་བྱ། །རྩིབས་བཅུ་རབ་འབར་ཅུང་ཟད་སེར། །ཁྲོ་བོ་བཅུ་དང་བཅས་པ་བསམ། །ཞེས་གསུངས་པ་ལྟར། རྭ་བའི་དབུས་སུ་བྷྲཱུཾ་སེར་པོ་ཞིག་ཐོལ་གྱིས་བྱུང་བ་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བསྒོམ་དགོས་ཤིང་། འདིར་བྷྲཱུཾ་དང་འཁོར་ལོ་ཁ་དོག་སེར་པོ་བྱེད་པ་སེར་པོས་ས་ཁམས་མཚོན་པས་སྲ་བར་བྱེད་པའི་དོན་ཡིན་ལ། འདི་ལ་བཀའི་འཁོར་ལོ་ཞེས་པ་ནི། གཙོ་བོས་ཁྲོ་བོ་བཅུ་ལ་བགེགས་རྣམས་ཟུངས་ལ་ཚར་ཆོད་ཅིག །ཅེས་བཀའ་བསྒོ་བའི་གནས་ཡིན་པས་དེ་ལྟར་བཤད་ལ།
འཁོར་ལོ་བསྒོམ་ཚུལ་ནི། སྟེང་འོག་གི་རྩིབས་གཉིས་མདུང་ལྕགས་ཀྱི་སྦུབས་རྟིང་གཉིས་སྤྲད་པ་ལྟ་བུ་ནང་སྦུབས་སྟོང་ཤིན་ཏུ་ཡངས་པ། ཡར་མར་གྱི་རྩེ་བྱིན་གྱིས་ཕྲ་བ། སྦུབས་གཉིས་འཕྲད་མཚམས་ནས་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་རལ་གྲི་སོ་གཉིས་པ་ལྟ་བུ་ཐོན་པའི་རྩེ་རྣམས་རྡོ་རྗེའི་རྭ་བར་མ་རེག་ཙམ་པ། གཡས་སྐོར་དུ་མགྱོགས་པར་འཁོར་བ། དེའི་ལྟེ་བའི་དབུས་དང་སྟེང་འོག་གི་རྩིབས་ཀྱི་སྦུབས་སྟོང་གི་ནང་དང་།
ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་རྩེ་མོའི་སྟེང་དུ་དེ་ལ་མ་རེག་ཙམ་གྱི་སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་རེ་རེ་བསམ། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་མཐིང་ནག །དབུ་ཐོད་དང་མགྲིན་པ་གཅིག་པ་ལ་སྙན་ཕན་ཆད་འབུར་བོ་གསུམ་དུ་དོད་པའི་ཞལ་གསུམ་གྱི་རྩ་ཞལ་མཐིང་ག །གཡས་དཀར་བ། གཡོན་དམར་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེ་ལྟ་བུའི་སྐུ་ལ་གསལ་སྣང་དང་ང་རྒྱལ་བསྐྱེད། དེ་ནས་རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཁྲོ་བོ་བཅུའི་རྣམ་པར་སྤྱན་དྲངས། རང་གི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས། ཁྲོ་བོ་རང་རང་གི་ཁ་དོག་ཅན་གྱི་ཐིག་ལེ་བཅུར་གྱུར། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བརྒྱུད་དེ་ཐུགས་ཀར་སོང་བ། རང་མདོག་ཅན་གྱི་ཧཱུཾ་རིང་པོ་བཅུ་དང་། དེ་ལས་ཁྲོ་བོ་བཅུར་གྱུར་པ་ཡུམ་གྱི་ཐུགས་ཀ་ནས་སྦྱོར་མཚམས་སུ་བབས། སྦྱོར་མཚམས་ནས་ཡབ་ཀྱི་ཐུགས་ཀར་དྲངས།ཧཱུཾ་ཞེས་བརྗོད་པ་དང་ཕྱིར་སྤྲོས་ཏེ་རང་རང་གི་གདན་ལ་འཁོར་པར་བསམ་དགོས་ཤིང་། གཙུག་ཏོར་འཁོར་སྒྱུར་ནི། སྟེང་གི་རྩིབས་ཀྱི་ནང་དུ་གཙོ་བོའི་ཐད་ཀྱི་མདུན་ངོས་སུ་ཞལ་གཙོ་བོ་ངོས་ལ་བལྟ་བ་དང་། རྡོ་རྗེ་ས་འོག་ནི། འོག་གི་རྩིབས་ཀྱི་ནང་དུ་གཙོ་བོའི་ཐད་ཀྱི་རྒྱབ་ངོས་སུ་ཞལ་གཙོ་བོ་ལ་བལྟ་བར་བསྒོམ། ཁྲོ་བོ་བཅུ་གཅིག་པོ་དེ་ཐམས་ཅད་ཀྱང་སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་བཞི་བཞི་གཙིགས་པ། སྨིན་མ་དང་སྨ་ར་དབུ་སྐྲ་དུས་མཐའི་མེ་ལྟར་འབར་བ། ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ། བཟོད་པར་དཀའ་བའི་རྡོ་རྗེའི་མེ་འོད་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་སྐད་ཅིག་གིས་ཚར་བཅད་ཅིང་བརླགས་པར་བསམ།
རྒྱུན་དུ་ཁྲོ་བོ་གཞན་རྣམས་ཞལ་ནང་དུ་ཕྱོགས་པར་མོས་ཤིང་། བགེགས་ཀྱི་འཚེ་བ་ཧ་ཅང་ཆེ་བའི་སྐབས་ཞལ་ཕྱིར་བསྒྱུར་ཏེ་བགེགས་རྣམས་ཚར་བཅད་པར་བསམ་དགོས་ཤིང་། དེ་ཡང་ཁྲོ་བོ་ཞལ་བསྒྱུར་བའི་གནད། གཙོ་བོ་འཕོ་བའི་གནད། འཁོར་ལོ་བསྐོར་བའི་གནད། བསྒྲུབ་བྱ་སྦ་བའི་གནད། འཕྲིན་ལས་མཛད་པའི་གནད་སོགས་ཞལ་ཤེས་ཀྱི་མན་ངག་ལས་ཤེས་པར་བྱ་ཞིང་། སྐབས་འདིར་གཙུག་ཏོར་འཁོར་སྒྱུར་གྱི་སྔགས་ཀྱང་ཅི་འགྲུབ་བཟླས་ན་ལེགས། དེ་ལྟར་བསྲུང་འཁོར་བསྒོམ་པའི་དགོས་པ་ནི་བསྐྱེད་རིམ་རྣལ་འབྱོར་བཞིའི་སྒོ་ནས་ཉམས་སུ་ལེན་པའི་ལས་དང་པོ་པའི་སྐབས་སུ་བར་ཆད་ཤིན་ཏུ་མང་བས་དེ་བཟློག་པའི་ཕྱིར་བསྒོམ་པ་ཡིན་གྱི་སྦྱང་གཞི་དང་སྦྱོར་རྒྱུ་མེད་དོ།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero