Expressing auspiciousness
རབ་ཡངས་ལྷ་ཡི་ལམ་དང་འཛིན་མའི་ཁྱོན། །ཞེས་པ་ནས། ཤིས་བརྗོད་གླུ་དབྱངས་བདག་གིས་བསྒྲག་པར་བྱ། །ཞེས་པའི་བར་གྱི་དོན་ནི་ལྷ་ཡི་ལམ་ཞེས་པ་ནམ་མཁའི་མིང་སྟེ་ནམ་མཁའི་མིང་ལ་ཀུན་གསལ་དང་། འཆི་མེད་ལམ་དང་། ལྷ་ལམ་དང་། སྤྲིན་གྱི་ལམ་ཞེས་མངོན་བརྗོད་འཆི་མེད་མཛོད་ལས་བཤད་པ་ལྟར་མང་ཞིང་། འདིར་ལྷ་ལམ་གྱི་མིང་གིས་བསྟན་ཅིང་། དེ་ལྟ་བུའི་ལྷ་ཡི་ལམ་མམ་ནམ་མཁའ་དང་། འཛིན་མ་སྟེ་ས་གཞི་བར་སྣང་གི་ཁྱོན་རབ་ཏུ་ཡངས་པ་ཐོགས་པ་མེད་ཅིང་བར་མཚམས་མེད་པར་ཡོངས་སུ་གང་བའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་པའི་ལྷ་ཚོགས་ཞེས། གཤིན་རྗེའི་གཤེད་ཀྱི་དོན་གྲུབ་པའི་དབང་ཕྱུག་ཆེན་པོ་དརྦན་ཨཱ་
ཙརྱས་མཛད་པའི་གཤིན་རྗེ་གཤེད་ཀྱི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས། ཕྱི་དང་ནང་དང་གཞན་རྣམས་ཀྱིས། །དུས་དགྲའི་ཚུལ་ནི་ཤེས་བྱ་སྟེ། །ཞེས་སོགས་གསུངས་པ་ལྟར། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་མུན་ཁང་བཅུ་དྲུག་ན་གནས་པའི་གཤིན་རྗེའི་འཁོར་བཅས་ཕྱིའི་གཤིན་རྗེ་དང་། བརྒྱད་གཉིས་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱི་འཇམ་དཔལ་དབྱངས་དམར་ནག་འཇིགས་གསུམ་གྱི་སྐུར་བསྟན་པ་དེའི་གཤེད་ཡིན་ནོ། །ཕས་མཚོན་པ་ཀཱ་ལིའི་རླུང་གཡས་རོ་མ་ནས་རྒྱུ་བ་དང་། མས་མཚོན་པ་ཨཱ་ལིའི་རླུང་གཡོན་རྐྱང་མ་ནས་རྒྱུ་བ་ནི་གཤིན་རྗེ་ཡིན་ལ། རོ་རྐྱང་གི་རླུང་དེ་གཉིས་རོ་རྐྱང་གཉིས་སུ་རྒྱུ་བ་བཀག་ནས་ཀུན་འདར་མ་སྟེ་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ནི་དེའི་གཤེད་ཡིན་ནོ། །ཉི་མ་རོ་མ་དང་། ཟླ་བ་རྐྱང་མའི་ལམ་གཉིས་པོར་ཀུན་རྟོག་གི་རྣམ་ཤེས་འཕོ་ཞིང་འགྲོ་བ་གང་ཡིན་པ་གཤིན་རྗེ་ཡིན་ལ། དེ་ཉིད་དབུ་མའི་ནང་དུ་ཞུགས་པའི་ཡེ་ཤེས་དེ་ནི་གཤེད་ཡིན་ནོ་ཞེས་སོགས་ཕྱི་ནང་གསང་བའི་གཤིན་རྗེ་ངོས་འཛིན་ཚུལ་མང་དུ་ཡོད་ཀྱང་ཡི་གེ་མང་བས་འཇིགས་ཏེ་མ་བྲིས་ལ། གང་ལྟར་དེ་ལྟ་བུའི་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་མཚན་ཙམ་ཡིད་ལ་དྲན་པས་ཀྱང་ནག་ཕྱོགས་བདུད་བགེགས་རྩ་ལག་དང་བཅས་པ་འཇོམས་པར་མཛད་ཅིང་། སྒྲུབ་པ་པོའི་འཕྲལ་ཡུན་གྱི་འདོད་དགུའི་རེ་བ་མ་ལུས་པ་ཡིད་བཞིན་གྱི་ནོར་བུ་ལྟར་འབད་མེད་དུ་སྐོང་བར་མཛད་ཅིང་།
བཀྲ་ཤིས་པའི་ཚིགས་སུ་བཅད་པའི་དབྱངས་ཀྱི་ང་རོ་ཚངས་པའི་སྒྲ་སྐད་སྒྲོག་པས། ཆུ་འཐུང་སྟེ་སྤྲིན་གྱི་གོ་སྐབས་འགོག་པར་བྱེད་ཅིང་མེ་ཏོག་གི་ཆར་འབེབས་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་གནས་སྐབས་དང་མཐར་ཐུག་གི་དཔལ་ཏེ་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་སྩོལ་བར་མཛད་པ་ཤེས་པར་གྱིས་ལ་དགའ་མགུ་ཡི་རངས་བསྐྱེད་ཅིག་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་གླུ་དབྱངས་བདག་གིས་བསྒྲག་པར་བྱ་ཞེས་པའི་དོན་དང་།
དུས་གསུམ་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་པ། །ཞེས་པ་ནས། ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པའི་བར་གྱི་དོན་ནི་ཕྱག་འཚལ་ལོ་ཞེས་དྲངས་ཏེ། གང་ལ་ན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ལའོ་ཞེས་ཕྱག་འཚལ་བའི་ཡུལ་བསྟན་ཅིང་། དེ་ལྟ་བུའི་ཡུལ་དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་བདག་ཉིད་འཇམ་དཔལ་དབྱངས་ཏེ། ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་འཇམ་པ་དང་། ཚོགས་གཉིས་ཀྱི་དཔལ་དང་ལྡན་ཞིང་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཆོས་སྟོན་པ་གང་དེས་སྲིད་པ་གསུམ་གྱི་མ་རུངས་སྡིག་ཅན་མཐའ་དག་འདུལ་བའི་ཕྱིར་དུ་འགྲོ་བ་ཀུན་ལ་མ་བུ་གཅིག་པ་ལ་བརྩེ་བ་ལྟ་བུའི་སྙིང་རྗེ་ཆེན་པོས་ལམ་དང་འབྲས་བུའི་གནད་ཆ་ཚང་བར་སྟོན་པའི་གཏུམ་ཆེན་ཁྲོ་བོའི་གར་གྱིས་རྣམ་པར་རོལ་པའི་ཡོན་ཏན་ཁྱད་པར་ཅན་དུ་འཕགས་པ་དང་ལྡན་པའི་དོན་དང་།
མགོན་དེ་དགྱེས་པ་ཀུན་བསྐྱེད་མཁའ་འགྲོ་མ། །ཞེས་པ་ནས། མ་ལུས་རྒྱས་པར་བྱེད་པའི་བཀྲ་ཤིས་ཤོག །ཅེས་པའི་བར་གྱི་དོན་ནི། སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྒྲོལ་བའི་མགོན་པོ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ལ་བརྟེན་པའི་དགྱེས་པ་བསྐྱེད་པར་མཛད་པའི་ཡུམ་མཆོག་རྡོ་རྗེ་རོ་ལངས་མ་དང་། ཡི་དམ་འདི་ལ་བརྟེན་ནས་གྲུབ་པ་མཆོག་བརྙེས་པའི་སློབ་དཔོན་ཆེན་པོ་ལཱ་ལི་ཏ་བཛྲ་རམ་རོལ་བའི་རྡོ་རྗེ་ལ་སོགས་པའི་དངོས་བརྒྱུད་ཀྱི་བླ་མ་མཆོག་རྣམས་ལ་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་ཅིག་མངའ་བའི་བཀྲ་ཤིས་དེ་ནི། སྒྲུབ་པ་པོའི་རྒྱུད་ལ་རྒྱལ་བ་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པའི་བླ་མ་དེ་རྣམས་ཀྱི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་བྱིན་རླབས་ཞུགས་ཏེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་འབྲས་བུ་སྐུ་གསུམ་གྱི་དཔལ་དང་ལྡན་པའི་བླ་མེད་རྡོ་རྗེ་ཐེག་པའི་ཟབ་ལམ་བསྟན་པ་རིན་པོ་ཆེ་མ་ལུས་པ་རྒྱས་པར་བྱེ ད་པའི་སྒོ་ནས་བཀྲ་ཤིས་པར་ཤོག་ཅིག་ཅེས་པའི་དོན་དང་།
འཇིགས་པ་མཐའ་དག་འཇིགས་པར་མཛད་པའི་སྐུ། །ཞེས་པ་ནས། ནམ་མཁའ་མཛོད་ལ་དབང་བྱེད་བཀྲ་ཤིས་ཤོག །ཅེས་པའི་བར་གྱི་དོན་ནི་སྟོན་པ་ཕུན་སུམ་ཚོགས་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་གྱི་སྐུའི་རྣམ་པར་བསྟན་ཏེ་སྲིད་པ་གསུམ་གྱི་ཆེས་ཞིང་ཆེ་བར་རློམ་པའི་འཇིགས་པ་ཅན་མཐའ་དག་འཇིགས་པར་མཛད་པ་སྟེ་འཇོམས་པར་མཛད་པའི་གང་ལ་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་
དེ་ནི་སྒྲུབ་པ་པོ་ཁྱེད་རྣམས་ལ་ནག་ཕྱོགས་བདུད་རིགས་གདོན་བགེགས་ཀྱི་བར་དུ་གཅོད་པའི་མིང་ཙམ་ཡང་མི་འབྱུང་ཞིང་། སྔགས་བླ་མེད་ཀྱི་ལམ་གྱི་སྙིང་པོ་མཐར་ཐུག་པའི་ཆོས་ཟག་མེད་ལྷན་སྐྱེས་ཀྱི་བདེ་ཆེན་དང་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འབྱོར་པ་ནམ་མཁའ་མཛོད་དེ། ཏིང་ངེ་འཛིན་གང་གི་མཐུས་སངས་རྒྱས་བྱང་སེམས་ཀྱི་ཏིང་ངེ་འཛིན་མཐའ་ཡས་པ་ལ་འཇུག་པར་བྱེད་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གང་གི་མཐུས་དེ་ཐམས་ཅད་དྲི་མ་མེད་པར་བྱེད་པའི་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གང་གི་མཐུས་མངོན་པར་ཤེས་པ་ལ་སོགས་པ་སེངྒེ་ལྟར་རྩེ་བར་བྱེད་པའི་སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གང་གི་མཐུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆོས་དང་འབྱོར་པ་མཐའ་ཡས་པ་ལ་དབང་འབྱོར་བར་བྱེད་པའི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་བཞི་ལས། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་ནམ་མཁའ་ནས་ཅི་འདོད་པའི་དངོས་པོ་ཟད་མི་ཤིས་པའི་ཆར་ཕབས་ཀྱང་སྔོན་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བར་སྦྱིན་པའི་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བར་སྣང་དུ་མི་སྣང་བར་འགྱུར་བ་དང་། བབས་ཀྱང་ཐོག་ལ་སོགས་པའི་རྣམ་པར་འབབ་ཅིང་། དགེ་བའི་རྩ་བ་རྒྱ་ཆེར་བསགས་པའི་བདག་ཉིད་ཆེན་པོ་རྣམས་ལ་གང་འདོད་དངོས་པོ་འབད་མེད་དུ་འབྱུང་བར་འགྱུར་བས་དེ་ལྟ་བུའི་ནམ་མཁའ་མཛོད་ཀྱི་སྒོ་བརྒྱ་ཟད་མི་ཤེས་པ་དབང་བྱེད་པ་སྟེ་དབང་བསྒྱུར་བའི་སྒོ་ནས་བཀྲ་ཤིས་པར་ཤོག་ཅིག་ཅེས་པའི་དོན་དང་།
རིག་སྔགས་འཆང་གི་རྒྱུད་སྡེ་རྒྱ་མཚོ་ཆེའི། །ཞེས་པ་ནས། འཇིག་རྟེན་ཀུན་ཏུ་རྒྱས་བྱེད་བཀྲ་ཤིས་ཤོག །ཅེས་པའི་བར་གྱི་དོན་ནི་ཆོས་ཕུན་སུམ་ཚོགས་པ་རྒྱལ་བ་རྡོ་རྗེ་འཆང་གིས་སྐལ་ལྡན་གྱི་འཁོར་རྣམས་ལ་ལེགས་པར་སྩལ་བའི་རྒྱུད་འདུས་པའི་རྩ་རྒྱུད་ལས། སྦྱང་བྱ་གཞིའི་རྒྱུད་དང་། སྦྱོང་བྱེད་ལམ་གྱི་རྒྱུད་དང་། སྦྱངས་པ་འབྲས་བུའི་རྒྱུད་གསུམ་དུ་རྣལ་འབྱོར་བླ་ན་མེད་པའི་གཞི་ལམ་འབྲས་གསུམ་གྱི་གནད་མཐའ་དག་འདུ་བར་གསུངས་པས་ན། དེ་ལྟ་བུའི་རིག་སྔགས་འཆང་གི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་སྙིང་པོར་གྱུར་པ་འཇིག་རྟེན་གསུམ་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཅིག་པུ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད། བཤད་རྒྱུད། ཕྱོགས་མཐུན་གྱི་རྒྱུད་རྣམས་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་དེ་ནི་སྒྲུབ་པ་པོའི་སྙིང་གའི་ཐིག་ལེ་ལ་གནས་པའི་རླུང་སེམས་དབྱེར་མེད་ཀྱི་ནོར་བུའི་བུམ་བཟང་སྨིན་བྱེད་དང་གྲོལ་བྱེད་ཀྱི་ཟབ་ལམ་འཆི་བ་མེད་པའི་བདུད་རྩིས་བཀང་སྟེ་ས་གསུམ་ན་མཉམ་པ་མེད་པ་སྟེ་འགྲན་པའི་ཟླ་དང་བྲལ་བའི་ཟབ་གནད་མཐར་ཐུག་པའི་དཔལ་ལ་ལོངས་སྤྱོད་ཅིང་། ལམ་བཟང་དེ་ཉིད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་བྱེད་པའི་སྒོ་ནས་བཀྲ་ཤིས་པར་གྱུར་ཅིག་ཅེས་པའི་དོན་དང་།
ཕྱོགས་བཅུའི་ཞིང་ན་རྒྱུད་འདིའི་ཕྱོགས་ཙམ་ཞིག །ཅེས་པ་ནས། བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །ཅེས་པའི་བར་གྱི་དོན་ནི་འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཞིང་ན་རྒྱུད་སྡེ་རིན་པོ་ཆེ་འདི་དག་གི་ཕྱོགས་ཙམ་ཞིག་འཛིན་པ་དང་། རྒྱུད་དོན་ཉམས་སུ་བླངས་པ་ལ་བརྟེན་ནས་གྲུབ་པ་མཆོག་བརྙེས་པའི་གནས་གསུམ་གྱི་དཔའ་བོ་དང་། རྣལ་འབྱོར་མའི་ཚོགས་རྣམས་ལ་ལེགས་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་དེ་ནི་སྒྲུབ་པ་པོ་ཁྱེད་ཅག་རྣམས་ཀྱིས་གསང་བ་མཆོག་གི་ལམ་བཟང་སྒྲུབ་པའི་གྲོགས་མཐུན་པའི་རྐྱེན་དབེན་གསུམ་དང་སྒྱུ་ལུས་གང་རུང་ལ་གནས་པའི་ཞིང་སྐྱེས་དང་། བསྐྱེད་རིམ་ཕྲ་རགས་གང་རུང་ལ་གནས་པའི་སྔགས་སྐྱེས་དང་། ཟུང་འཇུག་ལ་གནས་པའི་ལྷན་སྐྱེས་ཀྱི་ཕོ་ཉའི་གྲོགས་དང་འདུས་པ་ལས། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དང་འདོད་ལྷ་ཡབ་ཡུམ་མཉམ་པར་སྦྱར་བའི་རྡོ་རྗེ་དང་པདྨ་རྩེ་དགར་རོལ་བ་ལས་བྱུང་བའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་སྟོན་འབར་བ་སྟེ་རྒྱས་པར་བྱེད་པའི་སྒོ་ནས་བཀྲ་ཤིས་པར་གྱུར་ཅིག་ཅེས་པའི་དོན་ཏོ།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero