Explanation of taking death into the path as the Dharmakaya
དེ་ལྟ་བུའི་ལས་འདུ་བྱས་པའི་འོག་ཏུ་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་པར་ཡེ་ཤེས་ཀྱི་སའི་སྟོང་ཉིད་བསྒོམ་པའི་ཚུལ།
How to meditate on the emptiness of the level of exalted wisdom: Actualising the Clear Light of Death after having accumulated merit as such.
Explanation of the basis of purification and its purifier སྦྱང་གཞི་སྦྱོང་བྱེད་བཤད་པ་ནི།
འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་འཆི་བའི་ཚེ། ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པ་དང་། རླུང་རྣམ་ཤེས་ལ་ཐིམ་པ་རྣམས་ཀྱི་སྐབས་སུ་ཕྱི་ནང་གི་རྟགས་གཉིས་གཉིས་འཆར་ཞིང་། དེ་ནས་ཀུན་རྟོག་གི་བཞོན་པའི་རླུང་རྣམས་འགགས་ཤིང་ཐིམ་པས་སྣང་བ་རང་དུས་སུ་ནམ་མཁའ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་པའི་སྣང་བ་དང་། མཆེད་པ་རང་དུས་སུ་ནམ་མཁའ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་པའི་སྣང་བ་འཆར་བ་དང་། ཉེར་ཐོབ་རང་དུས་སུ་ནམ་མཁའ་གཡའ་དག་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྣང་བ་དང་། འོད་གསལ་རང་དུས་སུ་སློད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྣང་བ་འཆར། དེའི་ཚེ་འཆི་བ་འོད་གསལ་མངོན་དུ་བྱས་པ་ཡིན་ཞིང་།
འདི་དག་ནི་སྐབས་འདིའི་སྦྱང་གཞི་ཡིན་ལ། དེ་སྦྱོང་བྱེད་རྫོགས་རིམ་གྱི་དཔེ་དང་དོན་གྱི་འོད་གསལ་མཐར་ཐུག་པ་གཉིས་ཀྱི་སྐབས་ལུས་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་གཞིའི་འཆི་རིམ་ཇི་ལྟ་བ་བཞིན་དུ་ས་ཆུ་ལ་ཐིམ་པ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་བར་གྱི་རྟགས་རྣམས་རྫོགས་རྗེས་སུ་ཐམས་ཅད་སྟོང་པ་འོད་གསལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྐྱེས་པ་ནི་སྦྱོང་བྱེད་ཀྱི་ལམ་ཡིན་ལ།
དེ་ནས་ཀུན་རྟོག་གཡོ་བའི་རླུང་གིས་འོད་གསལ་ལས་གཡོས་ཏེ་ལུགས་ལྡོ ག་གི་ཉེར་ཐོབ་མཆེད་སྣང་སོགས་རིམ་པར་འབྱུང་ངོ་། །འབྲས་བུ་མི་སློབ་པའི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་ཚེ་ཡང་གཞི་ལམ་གྱི་འོད་གསལ་སྐྱེ་བའི་རིམ་པ་དེ་དང་འདྲ་བར། ས་ཆུ་ལ་ཐིམ་པ་ནས་བཟུང་སྟེ་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་བར་སྔོན་དུ་སོང་ནས་ཡེ་ཤེས་ཆོས་ཀྱི་སྐུའི་འོད་གསལ་མངོན་དུ་བྱེ ད་ཅིང་དེ་ནས་ཀུན་རྟོག་གཡོ་བའི་ལས་རླུང་ཐམས་ཅད་ཟད་པས་འོད་གསལ་ལས་ནམ་དུ་ཡང་ལྡང་བ་མེད་པ་ཡིན་ལ། དེ་ལྟ་བུའི་སྦྱང་གཞི་སྦྱོང་བྱེད་དང་དེའི་འབྲས་བུ་སངས་རྒྱས་ཀྱི་འོད་གསལ་འཆི་རིམ་བཞིན་དུ་བྱས་ནས་ཤར་བ་ཡིན་པའི་ཚུལ་ངོ་འཕྲོད་ནས་དྲན་པར་བྱ་དགོས་ཤིང་། ལམ་ཁྱེར་དངོས་གཞི་བསྒོམ་ཚེ་ནི་གཞི་ལམ་གྱི་དུས་ཀྱི་དེ་འདྲ་བློ་ངོར་འཆར་མི་འཇུག་པར་སངས་རྒྱས་ཀྱི་འོད་གསལ་ཆོས་སྐུ་ཁོ་ན་ཡིན་པར་བསྒོམ་དགོས་ཤིང་། ལམ་ཁྱེར་འོག་མ་གཉིས་ཀྱི་སྐབས་སུའང་འདི་དང་འདྲ་ཞིང་སྦྱང་གཞི་ལ་གང་ཡོད་དང་། དེ་སྦྱོང་བྱེད་རྫོགས་རིམ་གྱི་ལམ་དང་། སྦྱངས་འབྲས་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་ཤེས་པར་བྱས་ནས། སྦྱང་གཞི་འདི་སྦྱོང་བ་དང་། སྦྱོང་བྱེད་ཀྱི་ལམ་འདི་དང་། དེ་བསྒོམས་པའི་འབྲས་བུ་འདི་ཡིན་འདུག་པས་དེ་རྒྱུད་ལ་བསྐྱེད་པར་བྱའོ་སྙམ་དུ་དེ་ལྟར་ངོ་འཕྲོད་པའི་འཕེན་པ་སྔོན་དུ་བཏང་ནས། དངོས་གཞིའི་ཚེ་གཞི་ལམ་གྱི་དེ་ལྟ་བུ་མ་ཡིན་པར་སངས་རྒྱས་ཀྱི་སའི་རྟེན་བརྟེན་པ་དེ་དང་དེ་དངོས་ཡིན་པའི་ཚུལ་གྱིས་བསྒོམ་དགོས་པ་ཤེས་པར་བྱ་བའི་གནད་དམ་པའོ།
Meditating on emptiness in accordance with that སྦྱང་གཞི་སྦྱོང་བྱེད་དང་མཐུན་པའི་སྟོང་ཉིད་བསྒོམ་པ།
རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ངང་ནས་བདག་གིས་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས། གཞན་དོན་དུ་ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་འོད་ཟེར་སྔོན་པོའམ་དམར་པོ་འཕྲོས་ཏེ། སྣོད་བཅུད་ཐམས་ཅད་ལ་ཕོག་པས་མ་དག་པ་ཐམས་ཅད་སྦྱངས་ཏེ་དག་པའི་སྣོད་བཅུད་དུ་བསྒྱུར། དག་པའི་སྣོད་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་སྟེ་བཅུད་ཀྱི་སེམས་ཅན་ལ་ཐིམ། བཅུད་ཀྱི་སེམས་ཅན་ཐམས་ཅད་དང་ཚོགས་ཞིང་རྣམས་ཀྱང་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཡང་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་སྟེ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་ཡིག་གི་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པར་བསྒོམས་པ་དང་སྦྲགས་ཏེ་སྔགས་གཉིས་བརྗོད། འདིའི་སྐབས་སྭ་བྷཱ་ཝའི་སྔགས་དོན་སྔར་དང་འདྲ་ཞིང་། ཤཱུནྱ་ཏཱའི་སྔགས་དོན་ནི། ༀ་ནི་སྔར་དང་འདྲ་ཞིང་། ཤུནྱ་ཏཱ་སྟོང་ཉིད། ཛྙཱ་ན་ཡེ་ཤེས། བཛྲ་རྡོ ་རྗེ། ལྷག་མ་སྔར་དང་འདྲ་ཞིང་། ཡུལ་སྟོང་པ་དང་། ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་དེ་ངའོ། །ཞེས་པའི་དོན་ཡིན་ལ། འདིའི་སྐབས་རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་ལྟོས་ནས་གྲུབ་པ་ཡིན་པ་སོགས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པའི་རྟག་མཐའ་དང་། གཏན་ནས་མེད་པའི་ཆད་མཐའ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པར་རང་ངོས་ནས་གྲུབ་པའི་མཐའ་བཞི་དང་བྲལ་བའམ། རང་གི་བློས་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པའི་ངེས་ཤེས་བསྐྱེད་ནས་སྟོང་པ་ཉིད་ལ་མཉམ་པར་བཞག་ཅིང་།
དེ་ཡང་བློ་རང་ག་བ་མ་ཡིན་པར་རང་གི་སེམས་སངས་རྒྱས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་མངོན་དུ་བྱས་པ་དེས་སྟོང་ཉིད་ལ་གཉིས་སྣང་ཕྲ་མོ་ཡང་མེད་པར་ཆུ་ལ་ཆུ་བཞག་བཞིན་མཉམ་པར་བཞག་པར་མོས་ཤིང་། ཡེ་ཤེས་ཆོས་ཀྱི་སྐུ་དེ་ངའོ་སྙམ་པའི་ང་རྒྱལ་ཡང་ཤུགས་དྲག་བསྐྱེད། དམིགས་པ་གསལ་ཞིང་བརྟན་པ་དང་། གོ་བ་ཆགས་པས་དེ་ལས་ཅུང་ཟད་རྒྱས་པ་བསྒོམ་པར་འདོད་ན་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་པའི་ཚེ། ས་ཆུ་ལ་ཐིམ་པ་ནས་སྨིག་རྒྱུ་ལྟ་བུའི་རྟགས་ཤར་བའི་
མོས་པ་བྱེད། དེ་བཞིན་རང་ཧཱུཾ་དང་། ཞབས་ཀྱུ་ཧ། ཧ་མགོ་བོ་ལ་ཐིམ་པར་མོས་ཚེ་རིམ་བཞིན་ཆུ་མེ་དང་། རླུང་སྣང་བ་ལ་ཐིམ་པར་རྩོམ་པ་ནས། དུ་བ་དང་མར་མེ་འབར་བ་ལྟ་བུའི་སྣང་བ་ཤར་བའི་མོས་པ་དང་། མགོ་བོ་ཟླ་ཚེས་དང་། ཟླ་ཚེས་ཐིག་ལེ་དང་། ཐིག་ལེ་ནཱ་ད་ལ་ཐིམ་པ་གསུམ་གྱི་ཚེ་རིམ་བཞིན་སྣང་མཆེད་ཐོབ་གསུམ་དང་། ནཱ་ད་ཡང་མི་དམིགས་པར་སོང་བའི་ཚེ་འོད་གསལ་ཆོས་སྐུ་མངོན་དུ་བྱས་པའི་མོས་པ་བྱས་ན། གཞི་ལམ་འབྲས་གསུམ་གྱི་འོད་གསལ་འཆར་ཚུལ་དང་མཐུན་ཚབས་ལྷག་པར་ཆེ་བར་འགྱུར་ཞེས་རྒྱལ་དབང་བདུན་པས་གསུངས་སོ། །
དེ་ཙམ་མ་ནུས་ཀྱང་རང་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཡུལ་སྟོང་པ་ཉིད་ལ་རོ་གཅིག་ཏུ་ཞུགས་པ་འབྲས་བུ་སངས་རྒྱས་ཀྱི་སའི་ཆོས་ཀྱི་སྐུ་དེ་དངོས་སོ་སྙམ་དུ་ང་རྒྱལ་ཤུགས་དྲག་བསྒོམས། དེ་ལྟར་ཚོགས་བསགས་ནས་ཚོགས་ཞིང་རང་གནས་སུ་གཤེགས་པ་དང་། དེ་ཉིད་དུ་མི་དམིགས་པར་དམིགས་པ་དང་། རང་ལ་བསྟིམ་པ་དང་། ཆོས་ཐམས་ཅད་སྟོང་པར་བསྒོམ་པ་དང་ལྷན་ཅིག་ཏུ་སྦྱོང་བ་སྟེ་བཞི་ལས། འདི་ནི་བཞི་པ་ཉིད་ཡིན་ཏེ་ཚོགས་ཞིང་གི་ལྷ་དང་ཆོས་རྣམས་ཐམས་ཅད་ཀུན་གཅིག་ཆར་སྟོང་པ་ཉིད་དུ་བཅུག་ནས་བདག་མེད་པར་བསམ་པ་ནི་ལཱ་ལི་ཏའི་དགོངས་པ་ཡིན་པར་གསུངས་སོ།
སྐབས་འདིར་སྟོང་ཉིད་བསྒོམ་པ་ནི། གཞིའི་འཆི་བ་འོང་རྒྱུའི་ཚབ་ལ་སྒོམ་སྟོབས་ཀྱིས་འོད་གསལ་གཉིས་ཀ་བསྐྱེད་ཅིང་། དེ་བསྒོམ་པས་ཡེ་ཤེས་ཆོས་སྐུ་མངོན་འགྱུར་འོང་བ་དེ་ཉིད་ད་ལྟ་ནས་མངོན་དུ་བྱས་པའི་ཚུལ་དུ་བྱས་པས་ན་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱ་བས།
དེས་རང་ལ་འབྱུང་འགྱུར་གྱི་འཆི་བ་ཐ་མལ་པ་སྦྱོང་ཞིང་། ལམ་དུས་ཀྱི་དཔེ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་པ་དང་། འབྲས་དུས་ཀྱི་ཆོས་སྐུ་རྒྱུད་ལ་སྐྱེ་བའི་ནུས་པའམ་བག་ཆགས་ཁྱད་པར་ཅན་བསྐྱེད་ཅིང་གོང་ནས་གོང་དུ་གསོ་བར་བྱེད་པ་ཡིན་ནོ།
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero