Blessing the sources, body, speech, and mind

དེའི་མིག་ཏུ་ས་སྙིང་གི་རང་བཞིན་ཀྵ່ཿ དཀར་པོ། ཞེས་པ་ནས་ལྟེ་བར་ཀུན་བཟང་གི་རང་བཞིན་སཾ་དཀར་པོ་ཞེས་པའི་བར་གྱིས་རིམ་པ་བཞིན། ངོ་བོ་ས་སྙིང་སོགས་ཀྱི་རང་བཞིན་ཡིན་པ་ལ། རྣམ་པ་མིག་སོགས་སུ་སྣང་ཡང་མ་མཐའ་ས་སྙིང་སོགས་ཀྱི་ངོ་བོ་ཀྵ່ཿ སོགས་ཀྱི་རྣམ་པ་ཅན་དུ་བསྒོམ་དགོས་ལ། དེ་བཞིན་དུ་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། ཐུགས་ཀར་ཐུགས་རྡོ ་རྗེའི་ངོ་བོ་ཧཱུཾ་སྔོན་པོ་རྣམས་ཀྱང་བསྒོམ་མོ། །སྐྱེ་མཆེད་བྱིན་བརླབ་ཀྱི་ཚུལ་འདི་ལའང་། མིག་ལ་སོགས་པ་དྲུག་ཏུ་ལྷ་དྲུག་པོ་རྣམས་ཀྱི་ས་བོན་བཀོད་ནས་ལྷའི་ངོ་བོར་བསྒོམ་པ་དང་། ཡབ་རྐྱང་དང་ཡུམ་རྐྱང་གི་ལྷའི་རྣམ་པར་བསྐྱེད་པ་དང་། ཡབ་ཡུམ་
ཞལ་སྦྱོར་གྱི་རྣམ་པར་བསྐྱེད་པའི་ཚུལ་གསུམ་གསུངས་པ་ལས། འདིར་ནི་དང་པོ་ལྟར་ཡིན་ཞིང་། ལྷ་བཅུ་གསུམ་མ་ལ་གཉིས་པ་ལྟར་བྱས་སོ། །

སྤྱིར་བླ་མེད་ཀྱི་དཀྱིལ་འཁོར་གཞན་ལ་སྐུ་གསུམ་ལམ་ཁྱེར་གྱི་གནད་མཚན་ཉིད་ཚང་བ་སྒོམ་པ་ལ་མ་མཐའ་ལྷ་ལྔ་ཙམ་ཚང་བ་དང་། ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དགོས་པར་གསུངས་ཀྱང་། སྐབས་འདིར་འཁོར་གྱི་ལྷ་དཀྱིལ་འཁོར་ལ་དངོས་སུ་བཀོད་པ་མེད་ཀྱང་ཕྱག་མཚན་དང་ཞབས་འོག་གི་སྲོག་ཆགས་རྣམས་ཞེ་དགུ་མའི་སྐབས་ལྟར་ལྷའི་ངོ་བོར་བསྒོམས་ཆོག་ཅིང་གཞན་ཡང་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས། ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །ཞེས་སོ། །རིག་མ་དང་དངོས་སུ་ཞལ་སྦྱོར་གྱི་རྣམ་པ་ཅན་དུ་མ་བསྒོམས་ཀྱང་མཚན་མ་གྱེན་དུ་འགྲེང་བས་བདེ་བ་ཆེན་པོ་རྒྱས་པ་དང་། དགའ་བཞི་ལ་བརྟེན་ནས་བདེ་བ་དང་སྟོང་པ་སྦྱར་བས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བསྐྱེད་པར་ནུས་ཤིང་། ལིངྒ་ལི་ཡ་ཏི་ཞེས་པ་སྦས་དོན་དུ་བཤད་པའི་ཚེ་བྷ་གར་ཐིམ་པ་ལ་འཇུག་ཅིང་། སྤྱིར་གསང་དབང་དང་གསང་མཆོད་ཀྱི་ཚེ་ཡུམ་དང་སྦྱོར་བའི་རྣམ་པ་ཅན་དུ་བསྒོམས་ཀྱང་སྐབས་ཐམས་ཅད་དུ་དེ་ལྟར་མི་དགོས་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་འདི་ལྟར་གསུངས་ཏེ། ཁ་ཅིག་སྤྱིར་བཅུ་གསུམ་མ་སོགས་འཇིགས་བྱེད་ལ་ཡུམ་ཡོད་པར་བཤད་པའི་གཞུང་མེད་པས་མི་འཐད་དོ་ཟེར་ཞིང་། འདིའི་རྒྱུད་དང་རྒྱ་གཞུང་རྣམས་སུ་ཡུམ་ཡོད་པར་མ་བཤད་པ་དང་། མེད་
པར་བཤད་པ་གཉིས་དོན་མི་གཅིག་ཅིང་། དེ་དག་གི་ལུགས་ལ་སྐབས་གང་དུ་ཡབ་ཡུམ་མེད་པར་བཞེད་པ་མིན་ཏེ། དེ་དག་གི་ལུགས་ལ་དབང་བཞི་རྫོགས་པར་བསྐུར་བར་བཤད་པའི་ཕྱིར་རོ། །དེ་ལ་གསང་དབང་ལ་བླ་མས་ཡུམ་ལ་བརྟེན་ནས་གསང་རྫས་བསྒྲུབ་པ་དང་། ཤེར་དབང་ལ་སློབ་མས་ཡུམ་ལ་སྙོམས་འཇུག་བྱེ ད་དགོས་པ་སོགས་མང་བས་སོ་ཞེས་དང་། གཞན་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས། ཁ་ཅིག་གིས་འཇིགས་བྱེད་ལ་ཡུམ་མེད་དེ་ལིངྒ་དམར་པོ་གྱེན་དུ་འགྲེང་བའི་ཕྱིར་རོ་ཟེར་བ་མུན་སྤྲུལ་ཏེ། ལིངྒ ་གྱེན་དུ་ལངས་པའི་ཚེ་ན། ཡུམ་དང་དངོས་སུ་སྦྱོར་བ་མེད་ཀྱང་། སྤྱིར་ཡུམ་དང་སྦྱོར་བའི་འདོད་ཆགས་ལམ་བྱེད་མཚོན་པ་ཡིན་ཏེ།
དེའི་དག་པ་འཆད་པ་ན་བདེ་བ་ཆེན་པོ་རྒྱས་པ་དང་། དེ་ཡང་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་ཆེན་པོ་མཚོན་ཚུལ་དུ་བཤད་ལ། དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས་སྙོམས་པར་འཇུག་པ་ཡོད་པར་གྲུབ་ཅིང་། དེ་གྲུབ་ན་རྡོ་རྗེ་འཇིགས་བྱེད་ཡུམ་དང་སྦྱོར་བའི་རྣམ་པ་ཅན་དུ་བསྒོམ་དགོས་པར་གྲུབ་བོ། །ཞེས་དང་། འཇིགས་བྱེད་ལ་ཡུམ་ཡོད་པར་རྒྱུད་རྣམས་ཀྱི་ཚིག་ཟིན་ལ་གསལ་བར་མ་བཤད་ཀྱང་། དོན་གྱི་བཤད་པ་དང་། སྦས་དོན་གྱི་བཤད་པ་ལ་ཤིན་ཏུ་ཡོད་དེ། མཚན་མ་གྱེན་དུ་འགྲེང་བ་ཞེས་པའི་མཚན་མ་ནི་ལིངྒ་ལ་བཤད་ལ། དེ་ཉིད་སྦས་དོན་དུ་བཤད་ན། ལིངྒ་ལ་ལཱི་ཡ་ཏི་ཞེས་བྱ་བས་ཐིམ་པ་ཞེས་བྱ་བར་འགྱུར་ཞིང་། གང་དུ་ཐིམ་ན་ཕྱག་རྒྱའི་བྷ་གར་ཐིམ་པས་ཕྱག་རྒྱ་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་དངོས་ཀྱི་ཕྱག་རྒྱ་གཉིས་ཀ་འདིས་འདོད་ཆགས་ཆོས་སྦས་སྟོན་ཞིང་། དེ་ལ་ཡང་བསྐྱེད་རྫོགས་གཉིས་ཀའི་སྦས་དོན་ཡོད་དོ། །

དེ་ལྟར་བཤད་པས་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པའི་སྒྲུབ་པ་པོས་ལིངྒ་གྱེན་དུ་འགྲེང་བར་བསྒོམ་པའི་ལིངྒ་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའི་བྷ་གར་ཐིམ་དགོས་པའི་སྐབས་གཅིག་དང་། འཇིགས་བྱེད་དུ་བསྒོམ་པའི་སྒྲུབ་པ་པོའི་ལིངྒ་དངོས་ཀྱི་ཕྱག་རྒྱའི་བྷ་གར་ཐིམ་དགོས་པའི་སྐབས་ཡོད་དེ། ལིངྒ་ནི་ངེས་ཚིག་གི་སྔར་ལྟར་ཐིམ་པ་སྟེ། གང་ཐིམ་པར་བྱ་བ་ནི་ཀུན་རྫོབ་སྒྱུ་ལུས་སོ།

དེ་ཉིད་གང་དུ་ཐིམ་པ་ནི་འོད་གསལ་དུ་ཐིམ་པ་སྟེ་མཐར་ཐུག་པའོ། །ཡང་རྟོག་བདུན་ལས། ཁུ་བ་འགུགས་པའི་སྦྱོར་བ་གསུངས་པས་དེ་ཉིད་ཀྱིས་ལས་རྒྱ་ལ་བརྟེན་པའི་རྫོགས་རིམ་གཙོ་བོར་སྟོན་ཅིང་། དེས་མཚོན་ནས་དབང་གོང་མ་གཉིས་ཀྱང་བསྟན་པར་སློབ་དཔོན་མི་བསྐྱོད་པས་བཤད་ལ། ཤཱནྟི་བས་འཇིགས་བྱེ ད་ཚོགས་འཁོར་དུ་ཕྱི་ནང་གསང་བའི་མཆོད་པ་བཤད་པས་འདིས་ཀྱང་འཇིགས་བྱེད་ལ་ཡུམ་ཡོད་པར་གྲུབ་བོ། །དེས་ན་ཡུམ་མེད་ན་འདིའི་སྒྲུབ་པ་པོས་ཡབ་ཡུམ་ཞལ་སྦྱོར་བསྒོམ་མི་རུང་བའི་ཕྱིར་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་སྦྱོར་བ་དང་། དེས་དྲངས་པའི་ལམ་གྱི་ཨེ་ཝཾ་སྦྱོར་བ་སོགས་རྒྱུད་འདིར་མེད་པར་འགྱུར་རོ། །

གཞན་ཡང་འདོད་ཆགས་ལམ་བྱེད་བླ་མེད་ཀྱི་ལམ་གྱི་ཆོས་ཀྱི་གཙོ་བོ་ཡིན་ཏེ། དེ་མེད་ན་རྒྱུད་སྡེ་འོག་མ་གསུམ་ལས་འཕགས་ཆོས་སུ་མི་འགྱུར་ཞིང་། འབྲས་བུ་ཁ་སྦྱོར་བདུན་ལྡན་གྱི་འཇིགས་བྱེད་མི་སྲིད་དོ། །ཞེས་གསུངས་པ་ལྟར་རོ།

སྙིང་པོའི་དོན་དེ་ལྟ་བུའི་སྐུ་གསུམ་གྱི་གོ་འཕང་དེ་ཡང་འདོད་ཡོན་ལ་ཆགས་པ་ལམ་བྱེད་ལ་བརྟེན་ནས་ཐོབ་དགོས་པར་བསྟན་པའི་ཕྱིར་མཚན་མ་གྱེན་དུ་བསྒྲེང་བའི་རྣམ་པ་ཅན་དུ་བསྒོམ་པ་ཡིན་ནོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero