The way of uniting those two

གསུམ་པ་དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ནི། དེ་ལྟ་བུའི་རྣལ་འབྱོར་པ་དེ་དོན་གྱི་འོད་གསལ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་དེ་ལས་ལྡང་བར་རྩོམ་པ་ན། འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། འོད་གསལ་དེའི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་དབྱིབས་ཀྱི་རྣལ་འབྱོར་དག་པའི་སྒྱུ་མའི་སྐུར་དངོས་གནས་ལ་བཞེངས་པ་དེ་འབྱུང་ཞིང་སྤངས་པ་ཟུང་འཇུག་ཐོབ། དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་། དེའི་ཚེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་འགག་པ་དང་། རང་རྒྱུད་ལྡན་གྱི་གང་ཟག་དགྲ་བཅོམ་པར་གྱུར་པ་དང་། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དང་། ཟུང་འཇུག་ཕལ་པ་ཐོབ་པ་ལྔ་དུས་མཉམ། དེ་ལྟ་བུའི་ཟུང་འཇུག་པ་དེས་སྟོང་ཉིད་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པར་བྱེད། དེའི་ཚེ་སྐུ་ཤིན་ཏུ་དག་པ་ཉོན་སྒྲིབ་དག་པ་སྒྱུ་མའི་སྐུ་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱ་བ་དེ་དང་། ཐུགས་དོན་དམ་བདེན་
པ་དང་རོ་གཅིག་ཏུ་གྱུར་པའི་དོན་གྱི་འོད་གསལ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཞེས་བྱ་བ་གཉིས་སྐུ་དང་ཐུགས་སུ་དངོས་པོ་གཅིག་ཏུ་ཚོགས་པའི་སློབ་པའི་ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་ཐོག་མར་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ཟུང་འཇུག་པ་དེ་རགས་པའི་སྤྲུལ་སྐུ་གང་ཡང་རུང་བ་ཞིག་བཟུང་ནས་སྤྱོད་པ་ཟླ་བ་དྲུག་གམ་བཅོ་བརྒྱད་དུ་སྤྱད་པས་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བར་འགྱུར་རོ།


Up a level: The sequence of progressing on the path