Shape-yoga
དང་པོ་ནི། མཉམ་རྗེས་ཀྱི་དགེ་སྦྱོར་རྣམས་བསྐྱངས་པའི་འོག་ཏུ་མ་དག་པའི་སྒྱུ་ལུས་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱ་བ་དེ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱིའི་རྐྱེན་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས། ནང་གི་རྐྱེན་རྗེས་གཞིག་གི་སྡུད་རིམ་དང་། བུམ་པ་ཅན་དང་། རྡོ་རྗེའི་བཟླས་པ་གསུམ་གང་རིགས་བྱས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། དགའ་བཞི་སྟོང་བཞིའི་ངོ་བོར་
འབྱུང་། འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པར་བྱེད།
དེ་ལྟ་བུའི་འོད་གསལ་དེ་ནི་མ་དག་པའི་སྒྱུ་ལུས་ཀྱི་བསྒྲུབ་གཞིར་གྱུར་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ཡིན་ནོ། །
དཔེའི་རྣམ་དག་ཡེ་ཤེས་ཀྱི་འོད་གསལ་དེ་ལས་ལྡང་བར་བརྩམ་པ་ན། འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། འོད་གསལ་དེའི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་སྐུར་དངོས་གནས་ལ་བཞེངས་པ་དེ་འབྱུང་ངོ་། །དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་། དེ་ལྟ་བུའི་སྒྱུ་མའི་སྐུ་དེ་རྨི་ལམ་གྱི་ལུས་ཁྱད་པར་བ་དང་། མེ་ལོང་ནང་གི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་དང་། ཆུ་ཟླ་དང་། སྒྱུ་མའི་མི་དང་། ཆུ་བུར་དང་བཅས་དཔེ་ལྔས་མཚོན་ཞིང་རྨི་ལམ་གྱི་ལུས་དེ་གཉིད་ཀྱི་འོད་གསལ་ལས་བྱུང་ཞིང་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཡོད་ཀྱང་། སླར་ཡང་ཕུང་པོ་རྙིང་པ་ལ་འཇུག་དགོས་པ་བཞིན་དུ། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལ་འཇུག་དགོས་པ་དང་། མེ་ལོང་ནང་གི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་དེ་ཡང་མཚན་དཔེས་སྤྲས་པའི་རྣམ་པར་སྣང་བ་བཞིན་དུ་སྒྱུ་མའི་སྐུ་དེ་ཡང་མཚན་དཔེས་སྤྲས་པའི་རྣམ་པ་ཅན་ཡིན་པ་དང་། ནམ་མཁའི་ཟླ་བ་དེ་ངོ་བོ་གཅིག་ཡིན་ཀྱང་ཆུ་སྣོ ད་གང་དུ་ཡོད་པའི་སར་ཟླ་བའི་གཟུགས་བརྙན་དུ་མ་གཅིག་ཅར་འཆར་བ་བཞིན་དུ། སྒྱུ་མའི་སྐུ་དེ་ཡང་ངོ་བོ་གཅིག་ཉིད་ཡིན་ཀྱང་རྣམ་པ་དུ་མ་གཅིག་ཅར་དུ་སྟོན་ནུས་པའོ། །སྒྱུ་མའི་མི་དེ་ཤ་རུས་རྡོས་བཅས་ཀྱི་རྣམ་པར་སྣང་ཡང་དེས་སྟོང་པ་བཞིན་དུ། སྒྱུ་མའི་སྐུ་དེ་ཤ་རུས་རྡོས་བཅས་ཀྱི་རྣམ་པར་སྣང་ཡང་དེས་སྟོང་པ་ཡིན་ནོ། །ཆུ་ལས་ཆུ་བུར་དེ་ཆོས་གཞན་གྱིས་བར་མ་ཆོད་པར་ཐོལ་ཏེ་འབྱུང་བ་བཞིན་དུ་སྒྱུ་མའི་སྐུ་དེ་ཡང་རང་གི་བསྒྲུབ་གཞི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ལས་ཆོས་གཞན་གྱིས་བར་མ་ཆོད་པ་ཐོལ་ཏེ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་མ་དག་པའི་སྒྱུ་མའི་སྐུ་དེ་སླར་ཡང་ཕུང་པོ་རྙིང་པ་ལ་ཞུགས་ནས་རགས་པའི་སྤྲུལ་སྐུ་བཟུང་སྟེ་གདུལ་བྱ་ལ་ཆོས་སྟོན་པ། ལས་རྒྱ་དང་སྙོམས་པར་འཇུག་པ། བསམ་གཏན་གཉིས་ཀྱི་སྡུད་རིམ་བསྒོམ་པའི་སྤྱོད་པ་ཟླ་དྲུག་གམ་བཅོ་བརྒྱད་དུ་སྦྱང་བས་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོ ར་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བར་འགྱུར་རོ།
Up a level: The sequence of progressing on the path