Sequence of gathering through gradual dissolution at the navel (nature of body-isolation)
གྲུབ་ཆེན་རྣམས་ཀྱིས་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས་རྫོགས་རིམ་ཁོ་ནར་གཅིག་དྲིལ་བཤད་པར་གསུངས་ནའང་ད་ལྟའི་གང་ཟག་ཕལ་མོ་ཆེ་ཐུན་སྟོད་ལ་བསྐྱེད་རིམ་བསྒོམས་ནས་དེའི་མཇུག་ཏུ་རྫོགས་རིམ་གྱི་དམིགས་པ་བསྒོམ་པའི་དབང་དུ་བྱས་ཏེ། དེ་ཡང་ཐུན་བཞིའི་རེ་རེར་དེ་ལྟར་བྱས་ནས་སྒོམ་པའམ། ཐུན་དང་པོ་ལ་བསྐྱེད་རིམ་རྒྱས་པར་བསྒོམས་ནས། ཐུན་ཕྱི་མ་རྣམས་ལ་བསྐྱེད་རིམ་མདོར་བསྡུས་བྱས་ནས་གཙོ་བོར་རྫོགས་རིམ་བསྒོམ་པར་བྱ་བ་གང་བདེར་གསུངས་པས། དེ་ཡང་གནད་བཞི་དང་ལྡན་པའི་སྒོ་ནས་བསྒོམ་དགོས་པས། དུས་ཀྱི་གནད་ནི་སྤྱིར་རྒྱུན་དང་ཁྱད་པར་ཐོ་རངས་རིག་པ་དྭངས་པའི་དུས་དང་། ཕྱི་དྲོ་མེ་ཁམས་ཤས་ཆེ་བའི་དུས་སུ་བསྒོམ། ལུས་ཀྱི་གནད་ནི་བསམ་གཏན་གྱི་སྟེགས་བུ་ལ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་གཉིས་ལྟེ་འོག་མཉམ་བཞག །སྒལ་ཚིགས་དྲང་པོར་བསྲང་། དཔུང་པ་ཐད་སོར་བརྒྱངས། མགྲིན་པ་ཅུང་ཟད་གུག །སོ་དང་མཆུ་རང་བབས་སུ་བཞག །མིག་སྣ་རྩེར་གཏད་དེ་རྣམ་སྣང་གི་ཆོས་བདུན་ལྡན་བྱ།
རླུང་གི་གནད་ནི་སྣ་བུག་གཡས་ནས་རྔུབ་ལ་གཡོན་དུ་འབུད་པ་གསུམ། གཡོན་ནས་རྔུབ་ལ་གཡས་སུ་འབུད་པ་གསུམ། གཉིས་ཀ་ནས་རྔུབ་སྟེ་གཉིས་ཀ་ནས་འབུད་པ་གསུམ་སྟེ་རླུང་རོ་དགུ་ཕྲུགས་སུ་བསལ། ཡུལ་གྱི་གནད་ལ་ཐོག་མར་རྩ་གསལ་འདེབས་ནི། བསྐྱེད་རིམ་བསྒོམས་པའི་མཇུག་ཡིན་ན། རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ལུས་ཀྱི་དབུས་དྲང་ཐད་དུ་སྲོག་རྩའི་རྒྱབ་ཙམ་ལ་ཚིགས་ཀྱི་ནང་ངོས་སུ་རྩ་དབུ་མ་ཕྱི་ཅུང་ཟད་སྔོ་ལ་ནང་དམར་བ་ཁྱད་ཆོས་གསུམ་ལྡན་མར་སྣ་ལྟེ་འོག་
སོར་བཞི་ཙམ་དུ་རག་དུང་གི་ཁ་ལྟ་བུའི་ནང་དུ་རོ་རྐྱང་གཉིས་ཀྱི་སྣེ་མོ་ཚུད་པ་ཡར་སྣ་སྤྱི་བོར་བརྒྱུད་དེ་སྨིན་མཚམས་སུ་སེག་ཁར་བུག་ཧ་རེ་ཡོད་པ། དེའི་གཡས་སུ་རོ་མ་དམར་ཞར། གཡོན་དུ་རྐྱང་མ་དཀར་ཞར། གསུམ་ཀའང་ཕྲ་སྦོམ་གྲོ་སོག་ཙམ་རོ་རྐྱང་གཉིས་དབུ་མ་ལ་འབྱར་བའི་ཚུལ་གྱིས་ལུས་ཀྱི་གཞུང་ཤིང་གི་ཚུལ་དུ་ཡོད་པ། དེ་ནས་སྔར་བཤད་པ་ལྟར་གྱི་རྩ་འཁོར་རྣམས་རིམ་གྱིས་གསལ་བཏབ་སྟེ། ཁྱད་པར་ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཉི་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བཅས་ཚོན་གང་བ་དེའི་ཐུགས་ཀར་ཉི་གདན་གྱི་སྟེང་ཧཱུཾ་ཡིག་དཀར་པོ་ཡུངས་དཀར་གྱི་འབྲུ་ཚད་ཙམ་ཐིག་ལེ་ནཱ་ད་དང་བཅས་པ་ཞིག་བསམས་ལ་དེ་ལ་སེམས་ཞུགས་པ་བཞིན་དུ་མཉམ་པར་བཞག་ལ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས་པས་དམ་ཚིག་པའི་སྐུའི་ཆ་ཐམས་ཅད་མེར་གྱིས་གང་། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་མ་དག་པ་ཐམས་ཅད་སྦྱངས་ནས་དག་པའི་ཞིང་དུ་བསྒྱུར།
བཅུད་ཀྱི་སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱངས། རྡོ་རྗེ་འཇིགས་བྱེ ད་ཀྱི་གོ་འཕང་ལ་བཀོད་པར་བསམས་ལ། དེ་ནས་བསྲུང་འཁོར་དུར་ཁྲོད་དང་བཅས་པ་སྣང་བར་བྱས་ལ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། རང་དམ་ཚིག་སེམས་དཔའ་རིམ་གྱིས་ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་ཡང་རིམ་གྱིས་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའ་ཞབས་ཀྱུ་ནས་ནཱ་དའི་བར་རིམ་གྱིས་བསྡུས་ཏེ་ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཙམ་ལ་སེམས་ཞུགས་པ་བཞིན་དུ་བྱས་ལ་འཛིན་ཅི་ཐུབ་བྱ། མཐར་དེ་ཡང་མི་སྣང་བར་འོད་གསལ་ཐམས་ཅད་སྟོང་པའི་ངོ་བོར་སོང་སྙམ་དུ་དམིགས་རྣམ་བསྐྱངས་པའི་བསྡུ་རིམ་ལས་བདེ་ཆེན་དྲངས་ཏེ་སྟོང་པ་ཉིད་དང་ངོ་བོ་དབྱེར་མེད་དུ་སྦྱར་བའི་ཡེ་ཤེས་ནི་འདིར་བསྟན་རྣལ་འབྱོར་ཆེན་པོ་ཡིན་པས་མཉམ་པར་བཞག །སླར་ཡང་རིམ་གྱིས་ནཱ་ད་ལས་ཐིག་ལེ་སོགས་དམ་ཚིག་སེམས་དཔའི་རྩ་འཁོར་དང་བཅས་པའི་བར་གསལ་བཏབ་ནས་དེ་ལྟར་ཡང་ཡང་བསྐྱངས་པས། ཏིང་ངེ་འཛིན་སེམས་དཔའ་དེ་ལ་སེམས་ཞུགས་པ་བཞིན་དུ་བསྒོམ་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་།
ཞུགས་པའི་རྟགས་སྣ་བུག་གཉིས་ནས་རླུང་མཉམ་རྒྱུ་ཤེད་མཚུངས་སུ་འབྱུང་། གནས་པའི་རྟགས་སྣ་བུག་གི་རླུང་གི་རྒྱུ་བ་འཆད་ཅིང་ལྟོ་བ་མི་འགུལ་བ་འབྱུང་། འདི་ལ་སྣ་བུག་གི་རླུང་གི་རྒྱུ་བ་ཆད་པ་ནི་བྱིང་བ་བསགས་པ་ལའང་འབྱུང་ཞིང་དེ་ལ་བརྟགས་ན་ལྟོ་བ་འགུལ་བ་ཡོད་པས་དེ་ནི་སྲོག་རྩའི་རླུང་གི་བྱེད་ལས་ཡིན་པས། སྐབས་འདིར་ལྟོ་བ་མི་འགུལ་བའི་ཁྱད་པར་དང་བཅས་པ་དགོས་ལ།
ཐིམ་པའི་རྟགས་ས་ཆུ་ལ་ཐིམ་པའི་ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་། ཆུ་མེ་ལ་ཐིམ་པའི་ནང་རྟགས་སུ་དུ་བ་ལྟ་བུའི་སྣང་བ་འབྱུང་། མེ་རླུང་ལ་ཐིམ་པའི་ནང་རྟགས་སུ་སྲིན་བུ་མེ་འཁྱེར་ལྟ་བུའི་སྣང་བ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པའི་ནང་རྟགས་སུ་མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང་། ཀུན་རྟོག་གཡོ་བྱེད་ཀྱི་རླུང་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་སུ་སྟོན་གནམ་གཡའ་དག་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་པའི་སྣང་བ་འབྱུང་། སྣང་བ་མཆེད་པ་ལ་ཐིམ་པའི་མཆེད་པ་རང་དུས་སུ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་པའི་སྣང་བ་དང་། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་རང་དུས་སུ་སྟོན་གནམ་གཡའ་དག་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་ནག་ལམ་པའི་སྣང་བ་དང་། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འོད་གསལ་རང་དུས་སུ་སློད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་སྟོན་དུས་ཀྱི་ཐོ་རངས་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་སང་གི་སྣང་བ་འབྱུང་།
སྐབས་འདིར་སྣང་མཆེད་ཐོབ་གསུམ་གྱི་ངོ་བོ་ནི།
རང་རྒྱུ་ལུགས་འབྱུང་གི་ཀུན་རྟོག་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་དང་། ལུགས་ལྡོག་གི་མཆེད་པ་བཞོན་པའི་རླུང་དང་བཅས་པ་གང་རུང་ལས་བྱུང་ཞིང་། རང་གི་ངོ་བོ་སྟོན་གནམ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་རྣམ་པ་ཅན། རང་འབྲས་ཆགས་བྲལ་ནས་ཕྲག་དོག་གྱི་བར་གྱི་རང་བཞིན་གི་རྟོག་པ་སོ་གསུམ་གྱི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཡིད་ཀྱི་ཤེས་པ་དེ་སྣང་བ་དང་པོའི་མཚན་ཉིད།
རང་རྒྱུ་ལུགས་འབྱུང་གི་སྣང་བ་བཞོན་པའི་རླུང་དང་བཅས་པ་དང་། ལུགས་ལྡོག་གི་ཉེར་ཐོབ་བཞོན་པའི་རླུང་དང་བཅས་པ་གང་རུང་ལས་བྱུང་ཞིང་། རང་གི་ངོ་བོ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་རྣམ་པ་ཅན་རང་འབྲས་ཆགས་པ་ནས་གྱ་གྱུའི་བར་གྱི་རང་བཞིན་གྱི་རྟོག་པ་བཞི་བཅུའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཡིད་ཀྱི་ཤེས་པ་དེ་སྣང་བ་མཆེད་པའི་མཚན་ཉིད།
རང་རྒྱུ་ལུགས་འབྱུང་གི་མཆེད་པ་བཞོན་པའི་རླུང་དང་བཅས་པ་དང་། ལུགས་ལྡོག་གི་འོད་གསལ་བཞོན་པའི་རླུང་དང་བཅས་པ་གང་རུང་ལས་བྱུང་ཞིང་། རང་གི་ངོ་བོ་སྟོན་གནམ་གཡའ་དག་ལ་མཚམས་ཀྱི་སྨག་ནག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་རྣམ་པ་ཅན་སྔར་ལྟར་རང་འབྲས་ཆགས་པ་བར་མ་ནས་ཐེ་ཚོམ་གྱི་བར་གྱི་རང་བཞིན་གྱི་རྟོག་པ་བདུན་གྱི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཡིད་ཀྱི་ཤེས་པ་དེ་ཉེར་ཐོབ་ཀྱི་མཚན་ཉིད།
དེ་འདྲ་བའི་སྣང་བ་གསུམ་པོ་དེ་གཞི་ལ་འཆི་བའི་དུས་སུ་རྫོགས་པར་འཆར་ལ།
གཉིད་དུས་སུ་རྫོགས་པར་མི་འཆར་ཡང་མཚན་ཉིད་པ་འཆར་ལ། ལམ་དུས་སུ་སྙིང་གའི་དྷཱུ་ཏཱིར་རླུང་བསྡུས་ཏེ་ཐིམ་པ་ལས་རྫོགས་པར་འཆར་ལ། དྷཱུ་ཏཱིའི་གནས་གཞན་དུ་རླུང་བསྡུས་ཏེ་ཐིམ་པ་ལས་རྫོགས་པར་མི་འཆར་ཡང་མཚན་ཉིད་པ་འཆར་བར་གསུངས་སོ། །
ད་ལྟ་བག་ཆགས་བཞག་པའི་ཕྱིར་ཞུགས་གནས་ཀྱི་རྟགས་སོགས་དེ་ལྟར་བྱུང་བར་མོས་ནས་བྱེད་པ་སྟེ། རིམ་གྱིས་འབད་པས་ངེས་པར་འབྱུང་ཞིང་། འདི་དག་གི་སྐབས་གེགས་སེལ་བོག་འདོན་གྱི་ཚུལ་མང་དུ་ཡོད་ཅིང་། ཁྱད་པར་རྩ་གེགས། རླུང་གེགས། འཛག་གེགས། ནད་གཞན་རྣམས་ཀྱི་གེགས་སེལ་ཚུལ་ཡི་གེ་གཞན་དང་ཞལ་ལས་ཤེས་པར་བྱའོ། །
སྔགས་ཀྱི་ལུགས་འདིར། ལས་རླུང་གཡོ་བ་ཀུན་རྟོག་བརྒྱད་ཅུ་དང་། དེས་ཉོན་མོངས་པ་མ་རིག་པ་དང་། དེས་ནི་ལས་བསགས་པའི་དབང་གིས་བདེ་འགྲོ་དང་ངན་འགྲོ་རྣམས་སུ་འཁོར་བར་བྱེད་ལ། རླུང་མི་གཡོ་བས་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས། དེས་ན་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་ཅུང་ཟད་བརྗོད་ན་ཐོག་མར་ཞེ་སྡང་གི་རྟོག་པ་སོ་གསུམ་ནི་རིམ་ལྔ་ལས། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དང་། །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་
བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་གསུངས་ལ། དེའི་དོན་ནི། ཆགས་བྲལ་ནི་ཡུལ་མི་འདོད་པའི་བློ་དང་། དེ་ལ་ཡང་ཤས་ཆེ་ཆུང་བར་མ་གསུམ། ཡིད་ལ་འགྲོ་ཞིང་འོང་བ་ཞེས་པས་ནི་ཡིད་ཕྱི་རོལ་གྱི་ཡུལ་ལ་ཕར་འགྲོ་བ་དང་། ནང་གི་ཡུལ་ལ་ཚུར་འཇུག་པའི་ཚེ་རྟོག་པ་འདི་རྣམས་སྐྱེ་བར་བསྟན་ནོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་ཡིད་ཀྱི་གདུང་བ་ཡིན་ལ། དེ་ལ་ཆུང་འབྲིང་ཆེན་པོ་གསུམ། ཞི་བ་ནི་སེམས་རྣལ་དུ་གནས་པ་དང་། རྣམ་རྟོག་ནི་སེམས་ཕྱི་ལ་འཕྲོ་བའི་རྣམ་པ་ཅན་དང་། འཇིགས་པ་ནི་ཡུལ་ཡིད་དུ་འོང་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པའི་བློ་སྐྱེ་ལ། དེ་ལ་ཡང་ཆུང་འབྲིང་ཆེན་པོ་གསུམ། སྲེད་པ་ནི་ཡུལ་ཡིད་དུ་འོང་བ་ལ་ཞེན་པ་སྟེ། དེ་ལ་ཡང་ཆུང་འབྲིང་ཆེན་པོ་གསུམ། ལེན་པ་ནི་འདོད་ཡོན་གྱི་ཡུལ་རྣམས་ཀུན་ཏུ་འཛིན་པའི་བློ་དང་། མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བ་དང་། བཀྲེས་པ་ནི་ཟས་འདོད་པའི་བློ་དང་། སྐོམ་པ་ནི་བཏུང་བ་འདོད་པ་དང་། ཚོར་བ་ནི་བདེ་སྡུག་བཏང་སྙོམས་གསུམ་ཡིན་ལ། དེ་ཡང་ཡུལ་གྱི་སྒོ་ནས་ཆུང་འབྲིང་ཆེན་པོ་གསུམ་ཡོད་དོ། །རིག་པ་པོ་དང་རིག་འཛིན་བཞི་ཞེས་པས་ནི། རིག་པ་པོ་དང་རིག་པར་བྱེད་པ་དང་རིག་བྱའི་ལས་གསུམ་ལ་རྟོག་པའི་བློ ་གསུམ་མོ། །སོ་སོར་རྟོག་པ་ནི་རིགས་མི་རིགས་དཔྱོད་པའི་བློའ།ོ །ངོ་ཚ་ཤེས་པ་ནི་རང་ངམ་ཆོས་རྒྱུ་
མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པ་དང་། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་དང་། བརྩེ་བ་ནི་དམིགས་བྱ་ཡོངས་སུ་བསྲུང་བའི་བློ་དང་། སྡུག་པ་དང་ཕྲད་པར་འདོད་པའི་བློ་དེ་གསུམ་མོ། །དོགས་པ་ནི་ཡིད་འཕྲོག་པའི་སེམས་དང་། བསགས་པ་ནི་ཡོ་བྱད་སྡུད་པའི་སེམས་དང་། ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་ལ་སེམས་འཁྲུག་པའོ། །
འདོད་ཆགས་ཀྱི་རང་བཞིན་རྟོག་པ་བཞི་བཅུ་ནི་རིམ་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲུག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་སྡུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །ཞེས་པས་བསྟན་ལ།
དེའི་དོན་ནི། ཆགས་པ་ནི་མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པ་དང་། ཞེན་པ་ནི་ཐོབ་པའི་ཡུལ་ལ་ཆགས་པ་དང་། དགའ་བ་ནི་ཡིད་འོང་མཐོང་ནས་སེམས་དགའ་བ་ཡིན་ལ། དེ་ལ་ཡང་ཆུང་འབྲིང་ཆེན་པོ་གསུམ་མོ། །རངས་པ་ནི་འདོད་དོན་གྲུབ་པས་བདེ་བའི་སེམས་དང་། ཤིན་ཏུ་མགུ་བ་ནི་དེའི་རྣམ་པ་ཡང་དང་ཡང་དུ་མྱོང་བའི་སེམས་དང་། ངོ་མཚར་བ་ནི་སྔར་མ་བྱུང་བའི་དོན་ལ་སེམས་པ་དང་། རྒོད་པ་ནི་ཡུལ་ཡིད་འོང་ལ་སེམས་ཆགས་པ་དང་། ཚིམ་པ་ནི་དེའི་རྣམ་པ་མྱོང་བ་ལ་དོན་གསལ་གྱིས་
བཤད་ཀྱང་། ཡུལ་དེས་ངོམས་པའི་རྟོག་པ་དང་། འཁྱུད་པ་དང་འོ་བྱེད་པ་དང་། འཇིབ་པ་གསུམ་ནི་དེ་རྣམས་བྱ་བར་འདོད་པའི་སེམས་དང་། བརྟན་པ་ནི་རྒྱུད་མི་འགྱུར་བའི་སེམས་དང་། བརྩོན་པ་ནི་དགེ་བ་ལ་གཞོལ་བ་དང་། ང་རྒྱལ་ནི་སེམས་གཟེངས་མཐོ་བའི་བློ་དང་། བྱ་བ་ནི་ལས་སམ་བྱ་བ་རྫོགས་པར་བྱེད་པ་དང་། དབྲོག་པ་ནི་ནོར་འཕྲོག་པར་འདོད་པ་དང་། སྟོབས་ནི་གཞན་གྱི་དཔུང་འཇོམས་པར་འདོད་པ་དང་། སྤྲོ་བ་ནི་དགེ་བའི་ལམ་ལ་གོམས་པར་བྱེད་པའི་སེམས་དང་། ལྷན་ཅིག་སྐྱེས་པ་ནི་དྲེགས་པའི་དབང་གིས་མི་དགེ་བ་ལ་སྤྱོད་པ་དང་། དྲག་པ་ནི་རྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་པར་འདོད་པ་དང་། སྒེག་པ་ནི་ཡིད་འོང་མཐོང་བས་རྩེ་བར་འདོད་པ་དང་། ཞེ་འགྲས་པ་ནི་ཁོན་དུ་འཛིན་པའི་བློ་དང་། དགེ་བ་ནི་དགེ་བའི་ལས་ལ་བརྩོན་པར་འདོད་པ་དང་། ཚིག་གསལ་བ་ནི་གཞན་གྱིས་གོ་བར་སྨྲ་འདོད་ཀྱི་བློ་དང་། བདེན་པ་ནི་འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་ཀྱི་བློ་དང་། མི་བདེན་པ་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པ་དང་། ངེས་པ་ནི་ཡི་དམ་ཤིན་ཏུ་བརྟན་པ་དང་། ཉེ་བར་མི་ལེན་པ་ནི་ཡུལ་ཡོངས་སུ་འཛིན་པར་མི་འདོད་པའི་བློ་དང་། སྦྱིན་པ་པོ་ནི་བཏང་བར་འདོད་པའི་བློ་དང་། བསྐུལ་བ་ནི་ལེ་ལོ་ཅན་ཆོས་ལ་བསྐུལ་བར་འདོད་པ་དང་། དཔའ་བོ་ནི་ཉོན་མོངས་པ་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པ་དང་། ངོ་ཚ་མེད་པ་ནི་བདག་གམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པར་མི་དགེ་བ་ལ་འཇུག་པ་དང་། སྒྱུ་ནི་བཅོས་མས་གཞན་བསླུ་བ་དང་། སྒྲིམ་པ་ནི་བག་རྣོ་བའི་སེམས་དང་། སྡུག་པ་ནི་ལྟ་བ་ངན་པ་ལ་བྱང་བའི་བློ ་དང་། མི་སྲུན་པ་ནི་གཞན་ལ་ཐོ་འཚམ་པ་དང་། གྱ་གྱུ་ནི་མི་དྲང་བའི་བློ འ།ོ །གཏི་མུག་གི་རང་བཞིན་རྟོག་པ་བདུན་ནི། རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །མི་སྨྲ་གྱུར་
དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་པའི་དོན་ནི། བརྗེད་ངས་པ་ནི་དྲན་པ་ཉམས་པ་དང་། འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་ལྟ་བུ་དང་། མི་སྨྲ་བ་ནི་སྨྲ་སྙིང་མི་འདོད་པ་དང་། སྐྱོ་བ་ནི་ཡིད་སུན་པའི་བློ་དང་། ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའི་བློ་དང་། ཐེ་ཚོམ་དང་ཆགས་སྡང་ཆ་མཉམ་དུ་འཇུག་པའི་བློའ།ོ །རང་བཞིན་གྱི་རྟོག་པ་བདུན་ཡུལ་ལ་རླུང་གི་གཡོ་བ་ཞན་པ་དེ་ཉེར་ཐོབ་ཡུལ་ལ་རླུང་གི་གཡོ་བ་ཞན་པའི་ལག་རྗེས་དང་། རང་བཞིན་གྱི་རྟོག་པ་བཞི་བཅུ་པོ་དེ་ཡུལ་ལ་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མར་གནས་པ་དེ་མཆེད་པ་ཡུལ་ལ་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མར་གནས་པའི་ལག་རྗེས་དང་། རང་བཞིན་གྱི་རྟོག་པ་སོ་གསུམ་པོ་དེ་ཡུལ་ལ་རླུང་གི་གཡོ་བ་རགས་པ་དེ་སྣང་བ་ཡུལ་ལ་རླུང་གི་གཡོ་བ་རགས་པའི་ལག་རྗེས་ཡིན་པས། རྟོག་པ་ཚན་པ་གསུམ་པོ་དེ་ཡུལ་ལ་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་པོ་དེས། སྣང་བ་གསུམ་ལའང་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པར་མཚོན་པ་དཔག་པར་བྱེད་པའི་དོན་ནོ། །གང་ལ་དཔོག་པ་ཡང་། སྣང་བ་གསུམ་ཉམས་མྱོང་གིས་ངེས་མི་ནུས་པའི་གང་ཟག་གཅིག་ལ་དཔོག་པར་བྱེ ད་པ་ཡིན་ནོ། །
རང་བཞིན་གྱི་རྟོག་པ་དེ་རྣམས་རྟེན་གྱི་སྒོ་ནས་འགྲོ་བ་རིགས་དྲུག་ཀའི་རྒྱུད་ལ་སྐྱེ་བ་ཡོད་ལ། ལམ་དུས་སུ་བསྐྱེད་རིམ་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ཁའི་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྔ་ལོགས་ཀྱི་སྣང་མཆེད་ཐོབ་གསུམ་གྱི་སྔ་རོལ་ཚུན་ཆད་དུ་སྐྱེ་བ་ཡོད་དོ། །ངོ་བོའི་སྒོ་ནས་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། རང་བཞིན་གྱི་རྟོག་པ་བརྒྱད་ཅུ་པོ་དེ་ལ་ཉིན་མཚན་གྱི་དབྱེ་བས་ཕྱེ་ན་བརྒྱ་དྲུག་ཅུ་ཡོད་པར་གསུངས་སོ། །
དེ་ལྟར་ས་ཆུ་ལ་ཐིམ་པ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་བར་རིམ་གྱིས་བསྒོམས་ཤིང་། འོད་གསལ་རང་དུས་སུ་དཀར་ལམ་དམར་ལམ་ནག་ལམ་སྟེ་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་སྟོན་དུས་ཀྱི་ཐོ་རངས་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་འབྱུང་ཞིང་གཉིས་སྣང་གི་རྟོག་པ་མ་ལུས་པ་ནུབ་པའི་འོད་གསལ་དེའི་ངང་ལ་རྩེ་གཅིག་ཏུ་མཉམ་པ་འཇོག །དེ་ལྟར་མཉམ་པར་བཞག་བཞིན་པའི་ངང་ནས་ལྟེ་གསང་གི་གཏུམ་མོ་ནཱ་ད་དང་བཅས་པ་ལ་མེ་སྦར་ཏེ་རྩ་ནང་ཐམས་ཅད་ནས་བྱང་
སེམས་ཞུ་བ། སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ། ཡང་ནོར་བུའི་རྩེ་ནས་ལྟེ་བ་དང་ལྟེ་བ་ནས་སྙིང་ག །སྙིང་ག་ནས་མགྲིན་པ།
མགྲིན་པ་ནས་སྤྱི་བོར་སླེབ་པ་ན་རིམ་པ་བཞིན་དུ་མས་བརྟན་གྱི་དགའ་བ་བཞི་འབྱུང་ཞིང་། དེ་ལྟར་ཡས་བབས་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་པའི་བཞི་པ་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་ཡུལ་ཡུལ་ཅན་དུ་སྦྱར་ཏེ་རྩེ་གཅིག་ཏུ་བསྒོམ། འདི་ལ་ནི་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་ཞེས་བྱའོ། །
འོད་གསལ་དེ་ལས་ལྡང་བར་བརྩོན་པ་ན་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འཆར་ཞིང་། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཡུམ་བཅས་སུ་འཕེན་པའི་སྟོབས་ཀྱིས་ལྡང་བ་དེ་འབྱུང་། དེ་ལ་སད་དུས་ཀྱི་ལོངས་སྐུའི་བསྲེ་བ་ཞེས་བྱའོ། །དེ་འདྲ་བའི་ལོངས་སྐུ་བ་དེ་ཕུང་པོ་རྙིང་པ་ལ་ཞུགས་པར་འདོད་པ་ན། ཕུང་པོ་རྙིང་པ་དམ་ཚིག་སེམས་དཔར་གསལ་བའི་སྤྱི་བོ་ནས་ཞུགས།
དེ་དང་དུས་མཉམ་དུ་སྣ་བུག་གཉིས་ནས་རླུང་རྒྱུ། གང་སྣང་ཀུན་རང་བཞིན་གྱིས་གྲུབ་པས་སྟོང་པ་དང་། སྟོང་པ་དེ་དང་རང་གི་བློ་བདེ་བ་ཆེན་པོའི་ངོ་བོར་སོང་བའི་བདེ་ཆེན་གྱི་ཡེ་ཤེས་ཡུལ་ཡུལ་ཅན་དུ་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་དང་། ཡེ་ཤེས་དེའི་གཟུང་རྣམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་འཆར་བ་ལ་བསླབ། དེ་ལ་ནི་སད་དུས་ཀྱི་སྤྲུལ་སྐུའི་བསྲེ་བ་ཞེས་བྱ། དེ་ལྟ་བུའི་རྣལ་འབྱོར་པ་དེ་གཉིད་དུ་འགྲོ་ཁར་ལྟེ་བའི་ཧཱུཾ་ཡིག་སྙིང་གར་དྲངས།
དེ་ལ་སེམས་ཞུགས་པ་བཞིན་དུ་རྩེ་གཅིག་ཏུ་བསྒོམས་པས། སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། འདིའི་དུས་སུ་བྱང་སེམས་སྙིང་གར་འདུས་པའི་དགའ་བ་ཡོད་པས་བདེ་སྟོང་སྦྱར་ནས་བསྒོམ། འདི་ལ་གཉིད་དུས་ཀྱི་ཆོས་སྐུའི་བསྲེ་བ་ཞེས་བྱ། འོད་གསལ་དེ་ལས་ལྡང་བར་བརྩམས་པ་ན། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཡུམ་བཅས་སུ་འཕེན་པའི་སྟོབས་ཀྱིས་ལྡང་། འདི་ལ་གཉིད་དུས་ཀྱི་ལོངས་སྐུའི་བསྲེ་བ་ཞེས་བྱ་ཞིང་། དེ་འདྲ་བའི་ལོངས་སྐུ་བ་དེ་གཉིད་སད་པར་འདོད་པ་ན། ཕུང་པོ་རྙིང་པ་དམ་ཚིག་སེམས་དཔར་གསལ་བའི་སྤྱི་བོ་ནས་ཞུགས། དེ་དང་དུས་མཉམ་དུ་སྣ་བུག་གཉིས་ནས་རླུང་རྒྱུ། ཡུལ་རྣམས་འཆར། གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་འཆར་བ་ལ་བསླབ། འདི་ལ་གཉིད་སད་པ་སྤྲུལ་སྐུའི་བསྲེ་བ་ཞེས་བྱའོ། །
འདི་དག་གི་སྐབས་གེགས་བྱུང་ན་སེལ་ཞིང་། སྐྱེད་མ་བྱུང་ན་བོགས་འདོན་བྱེད་ཚུལ་གྱི་མན་ངག་མང་དུ་ཡོད་པས་ཡི་གེ་གཞན་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ལམ་གོང་མའི་རྟོག་པ་འབྱུང་བ་མངོན་དུ་མ་གྱུར་པར་འཆི་དགོས་པ་བྱུང་ན། འཆི་དུས་སུ་ལྟེ་བའི་ཧཱུཾ་ཡིག་སྙིང་གར་དྲངས་ཏེ་དེ་ལ་སེམས་ཞུགས་པ་བཞིན་དུ་རྩེ་གཅིག་ཏུ་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སྨིག་རྒྱུ་ནས་འཆི་བའི་འོད་གསལ་གྱི་བར་གྱི་རྟགས་རྣམས་
འབྱུང་། འདིའི་དུས་སུ་བྱང་སེམས་སྙིང་གར་འདུས་པའི་དགའ་བ་ཡོད་པས་བདེ་སྟོང་སྦྱར་ནས་བསྒོམ། འདི་ལ་འཆི་དུས་ཀྱི་འོད་གསལ་ཆོས་སྐུའི་བསྲེ་བ་ཞེས་བྱའོ། །འོད་གསལ་དེ་ལས་ལྡང་བར་བརྩམ་པ་ན། ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་སྲང་མདའི་མཐོ་དམན་བཞིན་དུ་བར་དོར་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཡུམ་བཅས་སུ་འཕེན་པའི་སྟོབས་ཀྱིས་ལྡང་བ་དེ་འབྱུང་། དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འཆར། འདི་ལ་ནི་བར་དོ་ལོངས་སྐུའི་བསྲེ་བ་ཞེས་བྱའོ། །དེ་འདྲ་བའི་ལོངས་སྐུ་བ་དེ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་འགྱུར་ངེས་ཤེས་པའི་ཕ་མ་གཉིས་དམ་ཚིག་
སེམས་དཔར་གསལ་བའི་མངལ་དུ་ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླངས་པས་ལམ་ལྷག་མ་རྣམས་ལ་བསླབ་བོ།
Up a level: The sequence of progressing on the path