Its enhancer - Samaya-yoga (nature of mind-isolation)
གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི་རླུང་ངག་དབྱེར་མེད་ཀྱི་རྡོ་རྗེའི་བཟླས་པ་ལ་འབད་པས་སྙིང་གའི་རྩ་མདུད་ལྷོད་པོར་སོང་བ་ན། ལས་རྒྱ་ལ་བརྟེན་དགོས་ཤིང་། དེ་ལ་ཡང་པདྨ་ཅན་དང་། རི་དྭགས་ཅན་དང་། དུང་ཅན་མ་དང་། གླང་པོ་ཅན་མ་དང་བཞི་ལས། པདྨ་ཅན་ནི་མཆོག་ཡིན་པ་སོགས་ཕྱག་རྒྱའི་མཚན་ཉིད། མཚན་ཉིད་དང་ལྡན་པའི་རྒྱུད་སྦྱངས་ཚུལ།
དེ་ནས་སྣོད་རུང་དུ་བསྒྲུབ་པ་དང་། སྣོད་དུ་རུང་ནས་རིམ་གཉིས་ལ་སྦྱོང་བ་དང་། ཕྱག་རྒྱ་རིགས་བཞི་ལ་རྩ་བཙལ་ཚུལ་དང་། རྙེད་ནས་བགྲོད་ཚུལ་བཞི་དང་། བགྲོད་དུས་ཀྱི་ཆོ་ག་ཚང་ན་བསྐྱེད་རིམ་པས་ཀྱང་རྫོགས་རིམ་ཤིན་ཏུ་བསྐྱེད་པ་གཅིག་ཡོད་ལ་བླ་མེད་ཀྱི་རྒྱུད་སྡེ་དུ་མར་བསྔགས་ལ། དེ་ལས་ལྡོག་ནས་ཡ་མཚན་པར་སྤྱད་ན་ནམ་མཁའ་གནས་ཀྱི་བར་དམྱལ་བར་གནས་པར་བཤད་པས་གནད་ལ་མཁས་དགོས་པར་གསུངས་སོ། །དེ་ལྟར་ཚུལ་བཞིན་དུ་བྱུང་ན་ཕྱི་རྐྱེན་རོ་ལངས་མར་གསལ་བའི་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས། ནང་གི་རྐྱེན་སྙིང་གའི་རྗེས་གཞིག་གི་སྡུད་རིམ་དང་། བུམ་པ་ཅན་དང་། རྡོ་རྗེའི་བཟླས་པ་གསུམ་གང་རུང་བྱས་
པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར།
དགའ་བཞི་སྟོང་བཞིའི་ངོ་བོར་འབྱུང་། འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་སོགས་སད་དུས་ཀྱི་བསྲེ་བ་སྐོར་གསུམ་ལ་སྔར་བཞིན་དུ་བསླབ་བོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་གཉིད་དུ་འགྲོ་ཁར་རྗེས་གཞིག་གི་སྡུད་རིམ་དང་། བུམ་པ་ཅན་དང་རྡོ་རྗེའི་བཟླས་པ་གསུམ་གང་རུང་བྱས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་གཉིད་ཀྱི་འོད་གསལ་གྱི་རྟགས་རྣམས་འཆར། དགའ་བཞི་སྟོང་བཞིའི་ངོ་བོར་འབྱུང་། འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་སོགས་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་ལ་སྔར་བཞིན་དུ་བསླབ་བོ། །དེ་ལྟར་ཕྱག་རྒྱ་སྲོག་རྩོལ་གྱི་མན་ངག་མཁས་པའི་སྒོ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྤྱོད་པ་ཟླ་བ་དྲུག་གམ་བཅོ་བརྒྱད་དུ་བྱེད་པ་ནི་དམ་ཚིག་གི་རྣལ་འབྱོར་དངོས་ཡིན་ནོ། །
Up a level: The sequence of progressing on the path