Explanation of the actual Mantra-yoga (nature of speech-isolation)
གཉིས་པ་ངག་དབེན་གྱི་ངོ་བོ་སྔགས་ཀྱི་རྣལ་འབྱོར་དངོས་བཤད་པ་ལ་གཉིས། ཐོག་མར་ལྟེ་བར་གཏུམ་མོ་བསྒོམས་ནས་བརྟན་པ་ནི་སྙིང་གར་བསྒོམ་པ་དང་། སྔགས་ཀྱི་རྣལ་འབྱོར་དངོས་གཞི་སྒོམ་པ་གཉིས།
དང་པོ་ནི། རྡོར་སེམས་བསྒོམ་བཟླས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་བཏང་སྟེ། བསམ་གཏན་གྱི་སྟེགས་བུ་ལ་ལུས་དུས་རླུང་གི་གནད་གསུམ་སྔར་ལྟར་བྱས་ལ་རང་ལུས་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་དུ་གསལ་བའི་རྩ་གསུམ་འཁོར་ལོ་བཞི་ལྡན་སྔར་འདྲ་དང་། རོ་རྐྱང་གི་མར་སྣ་ལྟེ་འོག་སོར་བཞི་ཙམ་ནས་དབུ་མར་ཚུད་པ་ཆ་ཡིག་གི་ཞབས་ལྟ་བུ་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བའི་དབུ་མའི་ནང་དུ་ཉི་གདན་ལ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་མགོ་བོར་ཟླ་ཚེས་ཡི་གེ་ནཱ་ད་དང་བཅས་པ་ཡེ་ཤེས་ཀྱི་མེ་འབར་བཞིན་པ་སོགས་གསལ་བཏབ། རླུང་རོ་བསལ་ཏེ་སྣ་བུག་གཉིས་ནས་རླུང་འཇམ་ལ་རིང་བ་དལ་གྱིས་རྔུབ། མཆིལ་མ་སྒྲ་མེད་དུ་མིད་ནས་ལྟེ་འོག་ཏུ་རོ་རྐྱང་ནས་དབུ་མར་མི་ཤིགས་པའི་ཐིག་ལེ་ཨ་ཤད་ལ་ཐིམ་པར་བསམ་ལ་གཏུམ་མོའི་མེ་གསོ་བ་སྦར་བ་སོགས་བྱ་བ་དང་། དེ་ལ་རང་སེམས་ཞུགས་པ་བཞིན་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་དང་བདེ་སྟོང་སྦྱར་ནས་བསྒོམ་ཚུལ།
སད་དུས་གཉིད་དུས་འཆི་དུས་ཀྱི་བསྲེ་བའི་སྐོར་གྱི་ཉམས་ལེན་རྣམས་སྔར་བཞིན་དང་། འདི་ནི་ལྟེ་བའི་བུམ་པ་ཅན་ཏེ། འདི་ལ་བརྟེན་ནས་རྡོར་བཟླས་བྱེད་ཚུལ་ནི། རྩ་འཁོར་སོགས་སྔར་ལྟར་ལ་རླུང་འོད་ཟེར་ལྔ་པ་དེ་ཧཱུཾ་གི་གདངས་ཀྱིས་སྙིང་གའི་རྩ་འཁོར་གྱི་དབུས་སུ་སོང་། ༀ་གྱི་གདངས་ཀྱིས་སླར་ལོག །ཨཱཿ འི་གདངས་ཀྱིས་ལྟེ་བའི་ཨ་ཐུང་དང་བཅས་པར་གནས་པར་བསམ་པའི་རྡོར་བཟླས་ལན་གསུམ། དེ་བཞིན་མགྲིན་པ་སྤྱི་བོའི་རྩ་འཁོར་དུ་ལན་གསུམ་གསུམ་སྔ་མ་ལྟར་བྱ། དེ་ནས་ལྟེ་བའི་ཨ་ཐུང་
ལས་རླུང་ཕྱིར་ལྡང་བ་ཧཱུཾ་གི་གདངས་ཀྱིས་སོང་ནས་དྷཱུ་ཏཱིའི་ཡས་སྣ་ནས་ཐོན། ༀ་གྱི་གདངས་ཀྱིས་སླར་ལོག །དྷཱུ་ཏཱིའི་ནང་དུ་ཞུགས་ཏེ། མི་ཤིགས་པའི་ཐིག་ལེ་ཨ་ཐུང་ལ་ཐིམ། ཨཱཿ འི་གདངས་ཀྱིས་གནས་པར་བསམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་དང་འོད་གསལ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ཚུལ། བསྲེ་བ་སྐོར་དགུ་སོགས་སྔར་ལྟར་བྱའོ། །
གཉིས་པ་སྔགས་ཀྱི་རྣལ་འབྱོར་དངོས་གཞི་སྒོམ་པ་ལ་གཉིས། བུམ་པ་ཅན་དང་། རྡོ་རྗེའི་བཟླས་པའོ།
དང་པོ་ནི། ལྟེ་བའི་རྗེས་གཞིག་གི་སྡུད་རིམ་ལ་བརྟེན་ནས་ཡས་བབས་དང་མས་བརྟན་གྱི་དགའ་བ་འདྲེན་པར་བྱང་བ་དང་གཏུམ་མོ་རྡོར་བཟླས་ལ་བྱང་བ་ན།
རྩ་ཚིག་ལས། སྙིང་གར་ཧཱུཾ་ཡིག་དཀར་པོ་ལ། །ཡུལ་སོགས་དམིགས་པ་མི་ཕྱེད་པར། །རླུང་གི་རྣལ་འབྱོར་སྒོམ་བྱེད་ན། །མངོན་པར་ཤེས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། ལུས་རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་སྐྱིལ་བྱས། ལག་མཐིལ་གཉིས་པུས་མོ་གཉིས་ལ་བཀབ། རླུང་རོ་བསལ་ལ་རང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྙིང་གའི་དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་པའི་ཧཱུཾ་ཡིག་དཀར་པོ་ཡོངས་འབྲུ་ཙམ་ཞིག་བསམས་ལ། དེ་ལ་སེམས་ཞུགས་པ་བཞིན་དུ་བྱས་ཏེ་སྟེང་རླུང་རྣམས་སྨིན་མཚམས་ནས་དྷཱུ་ཏཱིའི་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། འོག་རླུང་རྣམས་གསང་གནས་ནས་དྷཱུ་ཏཱིའི་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ་པར་མོས་ནས་ཁ་སྦྱོར་བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་སོགས་བཟུང་བས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འབྱུང་། དེའི་དུས་སུ་བྱང་སེམས་སྙིང་གར་འདུས་པའི་དགའ་བ་ཡོད་པས་བདེ་སྟོང་སྦྱར་ནས་བསྒོམ་པ་ལ་སོགས་པས་སད་དུས་ཀྱི་བསྲེ་བ་སྐོར་གསུམ་ལ་སྔར་བཞིན་བསླབ་བོ། །
དེ་ལྟ་བུའི་རྣལ་འབྱོར་པ་དེ་གཉིད་དུ་འགྲོ་ཁར་སྙིང་གའི་ཧཱུཾ་ཡིག་ལ་སེམས་ཞུགས་པའི་ཚུལ་གྱིས་རྩེ་གཅིག་ཏུ་མཉམ་པར་བཞག་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། དེའི་དུས་སུ་བྱང་སེམས་སྙིང་གར་འདུས་པའི་དགའ་བ་ཡོད་པས། བདེ་སྟོང་སྦྱར་ནས་བསྒོམ་པ་སོགས་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་ལ་སྔར་བཞིན་དུ་བསླབ་བོ། །དེ་ལྟ་བུའི་རྣལ་འབྱོ ར་པ་དེ་ལམ་གོང་མའི་རྟོགས་པ་མངོན་དུ་མ་བྱས་པར་འཆི་དགོས་པ་བྱུང་ན། འཆི་ཁར་སྙིང་གའི་ཧཱུཾ་ཡིག་ལ་སེམས་ཞུགས་པའི་ཚུལ་གྱིས་རྩེ་གཅིག་ཏུ་མཉམ་པར་བཞག་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་ཉེར་ཐོབ་ཀྱི་བར་གྱི་རྟགས་རྣམས་འབྱུང་། དེའི་དུས་སུ་བྱང་སེམས་སྙིང་གར་འདུས་པའི་དགའ་བ་ཡོད་པས་བདེ་སྟོང་སྦྱར་ནས་བསྒོམ་པ་སོགས་འཆི་དུས་ཀྱི་བསྲེ་བ་སྐོར་གསུམ་ལ་སྔར་བཞིན་དུ་བསླབ་བོ། །
གཉིས་པ་རྡོ་རྗེའི་བཟླས་པ་ནི། དེ་ལྟར་བུམ་པ་ཅན་བཟུང་བ་ལ་བརྟེན་ནས། སྟེང་འོག་གི་རླུང་རྣམས་སྙིང་གར་སྡུད་པ་ལ་བྱང་བ་ན། གྲུབ་ཆེན་གྱིས། དག་པའི་སྦྱོར་བས་དག་བྱ་སྟེ། །དགུག་པའི་སྦྱོར་བས་དགུག་པར་བྱ། །ཞི་བ་ཡིས་ནི་ཞི་བ་ཉིད། །རེངས་པའི་སྦྱོར་བས་མི་གཡོ་བའོ། །སྦྱོར་བ་བཞི་ཡི་རྣལ་འབྱོར་གྱིས། །དངོས་གྲུབ་ཆེན་པོ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། རང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་སྟེང་དཀར་འོག་དམར་བ་གའུ་ཁ་སྦྱོར་གྱི་རྣམ་པ་ཅན་སྲན་མ་ཙམ་གྱི་ནང་དུ་ཧཱུཾ་ཡིག་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཡུངས་འབྲུ་ཙམ་བྱང་ཆུབ་སེམས་ཀྱི་ངོ་བོ་བདེ་མེར་བ་ལ་སེམས་ཞུགས་པ་བཞིན་དུ་འཛིན་པ་ནི་སྔགས་ཀྱི་ཐིག་ལེ་ཡིན་ནོ།
གཞན་ཡང་སྲོག་ཐུར་བསྲེ་བའི་རྡོར་བཟླས། ཡན་ལག་གི་རྡོར་བཟླས། ཚེ་བསྲིངས་པའི་རྡོར་བཟླས། ལས་སྦྱོར་གྱི་རྡོར་བཟླས། ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས། སེམས་དཔའ་གསུམ་བརྩེགས་ཅན་གྱི་རྡོར་བཟླས་སོགས་ཡི་གེ་གཞན་དང་བླ་མའི་ཞལ་གྱི་གདམས་པ་ལས་ལེན་དགོས་པ་མང་དུ་འདུག་གོ །
དེ་ལྟར་རྡོར་བཟླས་ཀྱིས་མངོན་ཤེས་རྫུ་འཕྲུལ་སོགས་ཐོབ་པ་དང་། ཁྱད་པར་གྲོལ་དཀའ་བ་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་རྩ་བ་དང་ཡན་ལག་གི་རླུང་རྣམས་གཞིའི་འཆི་རིམ་ཇི་བཞིན་སྙིང་གའི་མི་ཤིགས་པའི་ཐིག་ལེར་བསྡུས་པ་ལས་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་དང་། དེའི་རླུང་སེམས་ལས་མ་དག་པའི་སྒྱུ་མའི་སྐུ་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པ་དེ་འགྲུབ་པ་དང་། དེ་འོད་གསལ་དུ་དག་པར་བྱས་པ་ལས་དོན་གྱི་འོད་གསལ་དང་། དེའི་རླུང་སེམས་ལས་ཟུང་འཇུག་གི་སྐུ་འགྲུབ་པ་སོགས་ཡིན་ནོ།
Up a level: The sequence of progressing on the path