Non-attainment
ཐོབ་བྱའི་ཆོས་ཐོབ་པ་ལ་གེགས་བྱེད་པའི་ཆོས་སུ་གྱུར་པའི་ལྡན་མིན་འདུ་བྱེད་དུ་དམིགས་པ། མ་ཐོབ་པ་ཡིན་པའི་མཚན་ཉིད།
མ་ཐོབ་པ། མ་རྙེད་པ། མི་ལྡན་པ་གསུམ་དོན་གཅིག་ཡིན་ཏེ། མ་ཐོབ་མ་རྙེད་མི་ལྡན་པ་ཞེས་སྦྱར་བར་བྱ་བ་ཡིན་པའི་ཕྱིར།
དེ་ལ་རྙེད་པའི་མ་ཐོབ་པ་མ་རྙེད་པའི་མ་ཐོབ་པ། མི་ལྡན་པའི་མ་ཐོབ་པ་གསུམ་ཡོད།
མ་ཐོབ་པ་ནི་ངོ་བོ་མ་སྒྲིབ་ལུང་མ་བསྟན་ཡིན་ཏེ། དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་གང་ཞིག་གཅིག་ཤོས་གཉིས་པོ་གང་རུང་མ་ཡིན་པའི་ཕྱིར།
དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པའི་ཕྱིར།
མི་དགེ་བ་མ་ཡིན་ཏེ། མི་དགེ་བ་སྤངས་པའི་རྒྱུད་ལའང་ཡོད་པའི་ཕྱིར།
སྒྲིབ་ལུང་མ་བསྟན་མ་ཡིན་ཏེ། དགྲ་བཅོམ་པའི་རྒྱུད་ལའང་ཡོད་པའི་ཕྱིར།
མ་ཐོབ་པ་ལ་དུས་གསུམ་ག་ཡོད་དམ་ཞེ་ན། ཐོབ་པའི་ཆོས་འདས་པ་དང་མ་སྐྱེས་པ་ལ་མ་ཐོབ་པ་དུས་གསུམ་ག་ཡོད་ཀྱི་ཐོབ་བྱའི་ཆོས་ད་ལྟ་བའི་མ་ཐོབ་པ་ད་ལྟ་བ་མེད་དེ། ད་ལྟ་བའི་ཆོས་ཇི་ལྟར་སྟོབས་ཆུང་ཡང་དེའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཏེ། འདས་མ་སྐྱེས་ཀྱི་དེ་རྣམས་གསུམ། །ཞེས་གསུངས།
མ་ཐོབ་པ་ཡིན་ན་ཁམས་གསུམ་གང་རུང་དུ་གཏོགས་པས་ཁྱབ་སྟེ། འདོད་ཁམས་ཀྱི་གང་ཟག་གི་རྒྱུད་ལ་ཆོས་གང་གི་མ་ཐོབ་པ་སྐྱེས་ཀྱང་འདོད་ཁམས་སུ་གཏོགས།
དེས་ཁམས་གཞན་པའང་མཚོན་པའི་ཕྱིར་ཏེ། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །ཞེས་གསུངས། སོ་སྐྱེ་ལ་གང་ཟག་ཡིན་པའི་མ་ཁྱབ་སྟེ། ལམ་བདེན་གྱི་མ་ཐོབ་པ་སོ་སྐྱེ་ཡིན་པའི་ཕྱིར་ཏེ། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད། ཅེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་ནི། མ་ཐོབ་པའི་ངོ་བོ་བཞག་ཏུ་ཡོད་དེ། མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར།
Up a level: Non-concomitant compositional factors