Explanation of attainments as substantial-existents
བྱེ་བྲག་སྨྲ་བ་ན་རེ། ཐོབ་པ་ལ་རྫས་ཡོད་ཀྱིས་ཁྱབ་སྟེ། མདོ་ལས། མི་སློབ་པའི་ཆོས་བཅུ་སོ་སོར་བསྐྱེད་ཅིང་ཐོབ་ལ། ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་དགྲ་བཅོམ་པར་འགྱུར་རོ། །ཞེས་དང༌། གང་ལ་ཐོབ་པ་མེད་པ་དེ་ལ་མ་ཐོབ་པ་ཡང་མེད་པ་ནི་གྲུབ་པའི་མཐའ་ཡིན་ནོ། །ཞེས་བཞེད།
སློབ་དཔོན་དང་མདོ་སྡེ་པ་རྣམས་ན་རེ། འཁོར་ལོས་སྒྱུར་རྒྱལ་ལ་རྒྱལ་སྲིད་སྣ་བདུན་གྱི་ཐོབ་པ་ཡོད་པར་ཐལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས་སོ།
གཞན་ཡང༌། ཐོབ་པ་ཡིན་ན་ཐོབ་བྱའི་ཆོས་དང་ལྷན་ཅིག་སྐྱེ་བས་ཁྱབ་པར་ཐལ། ཐོབ་པ་ལ་རྫས་ཡོད་ཀྱིས་ཁྱབ་པའི་ཕྱིར།
འདོད་མི་ནུས་ཏེ། འགོག་པ་གཉིས་ཀྱིས་ཐོབ་པ་ཡོད་པའི་ཕྱིར།
ཁོ་ན་རེ། ཐོབ་པ་ཐོབ་བྱའི་ཆོས་ཀྱི་རྒྱུ་ཡིན་ཞེ་ན།
སྐྱེ་བ་དང་སྐྱེ་བའི་སྐྱེ་བ་ཁས་བླངས་པ་དོན་མེད་པར་ཐལ། དེའི་ཕྱིར། ཞེས་གསུངས།
དེ་ལ་བྱེ་བྲག་སྨྲ་བ་ན་རེ། ཐོབ་པ་དེ་ཐོབ་བྱའི་ཆོས་ཀྱི་འཇོག་བྱེད་ཀྱི་རྒྱུ་ཡིན་ཏེ། ཟག་མེད་ལམ་གྱི་ཐོབ་པ་ཡོད་མེད་ཀྱི་སྒོ་ནས་འཕགས་པ་དང་སོ་སྐྱེར་འཇོག་པའི་ཕྱིར། ཞེས་ཟེར་རོ།
Up a level: Attainment and Non-attainment